Sunday, March 18, 2012


རང་སྲོག་གཅོད་མཁན་གྱི་སྐར་ཆེན་ཞིག
                           ཐེ་གོར་གྱིས་བརྩམས། མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

སྐར་མ་ཞིག་སྨྱོས་པ་ལྟར་ནམ་མཁའི་དབྱིངས་ནས་ནག་ཡོམ་ཡོམ་གྱི་རྒྱ་མཚོའི་ནང་ལ་མཆོངས། རྒྱུ་སྐར་ས་ཡ་མང་པོས་ཁོང་ཚོ་དང་ཆབས་ཅིག་ཏུ་བསྡད་པའི་འོད་ཐིག་ཅིག་དུས་ཡུན་ཐུང་ངུའི་ནང་ཇི་ལྟར་མཐའ་མེད་པའི་མུན་ནག་ནང་གར་སོང་ཆ་མེད་དུ་གྱུར་བའམ་རང་སྲོག་བཅད་པའི་བྱ་སྤྱོད་འདི་མཐོང་བ་དང་ཡིད་ལ་ཞེད་སྣང་དང་སེམས་ཁྲལ་བསླངས།

སྐར་མ་དེ་བྲག་རྡོས་ཁེངས་པའི་རྒྱ་མཚོའི་གཏིང་ལ་བྲེལ་བྲེལ་འཚུབ་འཚུབ་ངང་ཕྱིན། དེ་རུ་རྒྱུ་སྐར་མང་པོ་ཞིག་ལྷག་ཡོད་མོད། ཁོང་ཚོའི་འོད་ཟེར་དག་གཏན་དུ་ཡལ་ཚར་ཡོད།

སྐར་ཆེན་འདི་ལ་ཅི་ཞིག་བྱུང་བ་རེད། ང་གཅིག་པུས་དེའི་དྲིས་ལན་ཤེས་ཀྱི་ཡོད། དེ་ཡིས་འོད་འཚེར་འཚེར་འཕྲོ་སྐབས་ཅི་ཞིག་ལོངས་སྤྱོད་བཞིན་པ་ང་ཁོ་ནས་རྟོགས་ཀྱི་ཡོད།

དེ་ནི་མཚམས་མེད་པའི་དགོད་སྒྲ་ཡི་མནར་གཅོད་རེད། རྡོ་སོལ་དུམ་བུ་ཞིག་གིས་རང་གི་ནག་ལང་ལང་གི་ངོ་གདོང་སྦས་སྐུང་བྱེད་ཆེད་གད་མོ་དགོད་ཀྱིན་ཡོད། དེས་ཅི་ཙམ་གད་མོ་བགད་ན། དེ་ཙམ་གྱིས་འབར་བཞིན་ཡོད། དེ་མཐོང་བ་དང་སྐར་ཆེན་དེ་གད་མོ་ལྷང་ལྷང་བགད་ཅིང་འོད་ཟེར་ལམ་ལམ་འཕྲོ། དེ་ཡིས་འབར་སྲེག་གི་སྡུག་བསྔལ་མ་བཟོད་པའི་སྐབས་དེར། འོད་ལམ་ལམ་གྱི་གར་ཁྱིམ་ནས་ནག་ཡོམ་ཡོམ་གྱི་རྒྱ་མཚོའི་ནང་ལ་མཆོངས་པ་རེད།

འོད་ལྷམ་མེར་འཕྲོ་བའི་རྒྱུ་སྐར་ཚོགས་ཀྱིས་མར་ལྷུང་བཞིན་པའི་སྐར་ཆེན་དེར་མིག་ཧར་རེར་ལྟ་བཞིན་རྒྱང་རིང་ནས་གད་མོ་ཧབ་དིར་དིར་བགད།

"ང་ཚོ་ལ་གྱོང་གུད་རེག་མི་འདུག" ཁོ་ཚོས་བརྗོད་དོན། "ནམ་མཁའ་ནི་སྔར་བཞིན་འོད་ལམ་ལམ་ངང་གདའ་འོ།།"


གཏོར་བཤིག་ཁྲོད་ཀྱི་གསར་སྐྲུན།
   ཀྲི་ཤི་ན་མུཀ་ཏེ། གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

དེ་སྔ་སྐད་ཅིག་རེ་རེར་གཏོར་བཤིག་བྱུང་ཡོད། དེ་ནི་འགྱུར་བ་གསར་བ་ཞིག་འཁྱེར་འོང་བའི་གཏོར་བཤིག་མིན་ཏེ་འགྱུར་བ་ནི་གསར་བ་གཏན་ནས་མིན། དེ་ནི་གང་ཞིག་ཡིན་པ་ལ་ཡོངས་སུ་གཏོར་བཤིག་གཏོང་རྒྱུ་དེ་ཡིན། དེ་ལྟར་བགྱིས་ན་འགྱུར་བ་ནི་གཏན་ནས་གསར་བ་ཆགས་མི་ཐུབ། གཏོར་བཤིག་འདིའི་ནང་དུ་དེ་སྔ་འཚེ་བ་བྱུང་མེད། འགྱུར་བ་དང་གསར་བརྗེ། ཅི་གསུང་བཀའ་སྒྲུབ། སྒྲིགས་ཁྲིམས། སྟངས་འཛིན་དང་དབང་སྒྱུར་འོག་ཏུ་འཚེ་བ་འབྱུང་གི་ཡོད། ཡིན་ཡང༌། གཏོར་བཤིག་འདིའི་ནང་དུ་འཚེ་བའི་རྣམ་པ་གང་ཞིག་ཡིན་རུང་ཡོངས་རྫོགས་མཚམས་འཇོག་གི་ཡོད། གཏོར་བཤིག་འདི་ཉིད་ནི་གསར་སྐྲུན་ནོ།།

ཡིན་ཡང༌། གསར་སྐྲུན་ནི་ཞི་བདེ་མིན། ཞི་བདེ་དང་འཁྲུག་རྩོད་ནི་དུས་དང་འགྱུར་བའི་འཇིག་རྟེན་ལ་གཏོགས་ཤིང༌། ཕྱི་ནང་གི་འཚོ་གནས་ཀྱི་འགུལ་སྐྱོད་ལ་དབང༌། འོན་ཀྱང༌། གསར་སྐྲུན་ནི་དུས་ཀྱི་འགུལ་སྐྱོད་དང་བར་སྣང་གི་འགུལ་སྐྱོད་གང་ཡིན་མིན། འདི་ནི་ལྷད་མེད་ཀྱི་དོན་དམ་པའི་གཏོར་བཤིག་ཡིན་ཞིང༌། དེ་རུ་ད་གཟོད་'གསར་'འདི་འབྱུང་ཐུབ།



སྨྱོན་པའི་ཟིན་ཐོ།

རྩོམ་པ་པོ། Kahlil Gibran གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

སྨྱོན་པ་གསོ་བཅོལ་ཁང་ཞིག་གི་སྐྱེད་མོས་ཚལ་ནང་དུ་ང་ན་གཞོན་ཞིག་ལ་འཕྲད་བྱུང༌། ཁོང་གི་ངོ་གདོང་ནི་སྐྱ་རིས་རིས་ཤིག་རེད་འདུག་མོད། ངོ་མཚར་གྱིས་ཁེངས་པའི་མིག་ཟུང་ཁོ་བོའི་ཕྱོགས་སུ་ཀེམ་ཀེམ་གཡོ་བཞིན་འདུག

ཁྱེད་རང་འདིར་ཅིའི་ཕྱིར་ཡོང་བ་ཡིན།’’ང་ཁོང་གི་འགྲམ་དུ་བསྡད་རྗེས་དེ་ལྟར་དྲིས།‘‘ དེ་ནི་ཚུལ་དང་མི་མཐུན་པའི་དྲི་བ་ཞིག་རེད། ཡིན་ཡང༌། ངས་ཁྱེད་ལ་ལན་གདབ་ཆོག ཨ་ཕས་ང་རང་ཁོང་གི་ངོ་བཤུས་ཤིག་ལ་བཟོ་འདོད་ཡོད་པ་རེད། ཨ་ཞང་ཡང་དེ་མཚུངས་རེད། ཨ་མས་ང་ལ་མོ་རང་གི་ཕུལ་དུ་བྱུང་བའི་པཱ་ལགས་ཀྱི་སྣང་བརྙན་ཡོད་པ་ཞིག་ཏུ་བཟོ་འདོད་འདུག ཨ་ཅེས་ཡིས་མཚོ་འགྲུལ་གྱི་ལས་ཀར་ཞུགས་པའི་མོ་རང་གི་སྐྱེས་པ་ནི་ང་རང་གི་མིག་དཔེ་བལྟ་སའི་དཔེ་མཚོན་ཆེས་ཡག་ཤོས་ཡིན་པར་བཤད་ཀྱིན་འདུག ཕུ་བོས་ང་རང་ནི་ཁོང་ནང་བཞིན་གྱི་ལུས་རྩལ་པ་ལེགས་པོ་ཞིག་བྱེད་དགོས་པའི་བསམ་བློ་གཏོང་གིན་འདུག’’

ཁོང་གིས་ང་ལ་ཧང་སངས་པའི་ངང་ལྟ་ཞོར་བརྗོད་དོན།
‘‘དགེ་རྒན་ལགས་ཀྱིས་ཀྱང་ང་ནི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཞིག་བྱེད་དགོས་པར་གསུང་གིན་འདུག་ཅིང༌། རོལ་མོ་བ་དང་ཚད་མ་རིག་པ་བ་གཉིས་ཀས་ཀྱང་ང་ནི་མེ་ལོང་ནང་གི་ཁོང་རྣམ་པའི་ཚུར་ལྡོག་གི་གཟུགས་བརྙན་ཞིག་ཏུ་བཟོ་བར་བློ་ཐག་རྦད་གཅོད་བྱས་འདུག’’

‘‘དེར་བརྟེན། ང་རང་ས་ཆ་འདི་ལ་ཡོང་བ་ཡིན། འདི་རུ་ངའི་སེམས་ཅུང་ཙམ་རྣལ་དུ་འབབ་ཐུབ་ཀྱི་འདུག ཉུང་མཐར་ཡང༌། ང་ང་རང་ཉིད་བྱེད་ཐུབ་ཀྱི་འདུག’’
གློ་བུར་དུ་ཁོང་ངའི་ཕྱོགས་སུ་འཁོར་ཏེ་ན་རེ།‘‘ཁྱེད་རང་ཡང་ཤེས་ཡོན་སློབ་གསོའི་འོག་གི་བཙན་བྱོལ་བ་ཞིག་མིན་ནམ། ང་ལ་བརྗོད་དང༌།’’

‘‘མིན། ང་རང་ལྟ་སྐོར་བ་ཞིག་ཡིན།’’ ངས་འདི་ལྟར་ལན་བཏབ།
ཁོང་གིས‘‘འོ། ཁྱེད་རང་ང་ཚོའི་ཕར་ཕྱོགས་ཀྱི་སྨྱོན་པ་གསོ་བཅོལ་ཁང་གི་སྨྱོན་པ་ཚོའི་གྲས་ཀྱི་གཅིག་རེད།’’ཟེར།


གཅིག་ཤེས་ཀུན་གྲོལ།
རྩོམ་པ་པོ་B.V.A.Raw སྒྱུར་མཁན། མང་རའི་གངས་ཐིགས །

སྔོན་ཆད་ཅིག་ལ་མཚོ་བྱ་དག་གིས་རྒྱ་མཚོའི་འགྲམ་གྱི་ཡུལ་ལུང་མང་པོ་ཞིག་དབང་སྒྱུར་བྱས་ཡོད།

མཚོ་བྱ་འདི་ཚོ་ནི་ནམ་རྒྱུན་དུ་བློ་གྲོས་ལྡན་པ་ཞིག་མིན་ཞིང་ཁོང་ཚོ་ལ་རྟག་ཏུ་དགའ་མོས་བྱེད་མཁན་ཀྱང་མེད། ཡིན་ནའང༌། ཁོང་ཚོས་དུས་རྒྱུན་དུ་དབང་ཆ་བཟུང་ཡོད།
མཐོ་རིམ་འཛིན་སྐྱོང་གནང་མཁན་ཚོས་ཀྱང་མཚོ་བྱ་ཚོ་བཞིན་དཀར་ནག་གི་སྟོད་ཐུང་སྒྲིག་ཆས་ཤིག་བསྣམས་ཡོད། ཁོང་ཚོས་སྒྲིག་ཆས་གྱོན་པ་ནི་རྡོག་རྩ་གཅིག་སྒྲིལ་ཡིན་པའི་ཡིད་ཆེས་གནང་གིན་ཡོད།

ཕྱོགས་གཞན་ནས་ལས་བཟོ་བ་འདབ་ཆགས་གཞན་དག་གིས་ཀྱང་ཁ་དོག་དང་རྣམ་པ་མི་འདྲ་བའི་སྟོད་གོས་ཆ་ཚང་བསྣམས་ཡོད། དེ་ཡིས་ཁོང་ཚོའི་ལས་ཀ་དང་འཚོ་ཐབས་དག་མཚོན་ཡོད།

མཐོ་རིམ་ལས་རིགས་ཀྱི་རྐུབ་སྟེགས་སྟེང་འཛེགས་པར་སེམས་ཐག་རྦད་གཅོད་གནང་ཡོད་མཁན་གྱི་འདབ་ཆགས་ཚོས་མཚོ་བྱ་ཚོའི་ཀུན་སྤྱོད་དང་ལེན་གནང་སྟེ་ཁོང་ཚོའི་སྟོད་གོས་ཆ་ཚང་ཞིག་གྱོན་པར་སྐུལ་འདེད་གནང་གིན་ཡོད། བྱ་བྱེའུ་དེ་དག་གིས་མཚོ་བྱ་ཚོའི་གོམ་སྟབས་ཆེན་པོ་སྦྱོང་ཞོར་རང་གི་དབུ་ཁྲིད་ཀྱི་རྗེས་སུ་སྙེག་གིན་ཡོད།

ཉིན་ཞིག་རྨ་བྱ་ཕའེ་རེས་ཀྱང་མཚོ་བྱའི་གླིང་དུ་ཞུགས། ཁོང་ནི་སྐད་གསང་མཐོ་ཞིང་ལྟ་ན་སྡུག་པ། རིག་པ་གསར་བས་ཁེངས་པའི་བྱ་ཞིག་ཡིན། ཁོང་དེ་སྔ་འདབ་ཆགས་གཞན་དག་དང་མ་འདྲ་བ་ཞིག་ཡོད། ཡིན་ནའང༌། ཁོང་གི་རིག་པ་གསར་བ་དག་གིས་མཚོ་བྱ་དེ་དག་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཁོང་ཚོས་ཁོང་ལ་དངོས་གནས་དྲང་གནས་ཀྱི་མཚོ་བྱ་ཞིག་གི་ནུས་ཤུགས་ཡོད་པའི་ཚོར་བ་སྐྱེས།

འགོ་སྟོད་དུ་ཁོང་ཚོའི་དགའ་སྤྲོའི་དགོད་སྒྲ་རྒྱ་མཚོའི་མཁའ་དབྱིངས་སུ་ཁྱབ་ཡོད། མཚོ་བྱ་ཚོ་ཁོང་ཚོའི་ཚོགས་མི་གསར་བ་ལ་དགའ་ཚོར་ཆེན་པོ་སྐྱེས་ཤིང༌། ཕའེ་རེ་ལ་གསར་གཏོད་ཀྱི་ནུས་པ་ལྡན་སྟབས་གཡུར་དུ་ཟ་བའི་འབྲས་བུ་བླངས།

ཡིན་ནའང༌། ལོ་དང་ཟླ་བ་འགའ་རིམ་གྱིས་འདས་རྗེས་མཚོ་བྱ་ཚོས་སྐད་ཤུགས་དམའ་མོའི་ངང་ནས་རྨ་བྱ་ཕའེ་རེ་ལ་སྡུག་དམོལ་བྱེད་འགོ་བརྩམས། མཚོ་བྱ་གཅིག་གིས་ཁོང་གི་སྐད་གསང་ཧ་ཅང་མཐོ་པོ་འདུག་ཟེར། གཞན་ཞིག་གིས་ཁོང་ནི་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་རེད་ཟེར། ཡང་གཅིག་གིས་ཁོང་ལ་རིག་པ་གསར་བ་ཧ་ཅང་མང་དྲག་འདུག་ཟེར། འདི་དག་གིས་མཚོ་བྱའི་བདེ་སྐྱིད་ཀྱི་ཞི་བའི་བསྟི་གནས་ལ་བཙན་འཛུལ་ཐེབས།

ད་ལྟ་ཕའེ་རེ་ཡི་ནང་སེམས་ཀྱི་མཁའ་དབྱིངས་ལ་སྡུག་གི་སྤྲིན་པ་འཁོར་གྱིན་ཡོད། མཚོ་བྱ་དག་གིས་ཁོ་རང་མཚོ་བྱ་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱས་ཤིང༌། ཁྱོད་ཀྱིས་མཚོ་བྱ་ཞིག་གི་སྟོད་གོས་ཁ་ཚང་གྱོན་ཏེ་ང་ཚོ་མཚོ་བྱ་ལྷག་མ་ཚོ་ནང་བཞིན་བྱེད་པར་འབད་བརྩོན་གནང་རོགས་ཞེས་རེ་སྐུལ་གནང༌།

སྐབས་དེར་ཕྱོགས་གཉི་གའི་སྡུག་བསྔལ་གྱི་འཁུན་སྒྲ་གསེར་ལྡན་མའི་ཕྱོགས་སུ་ཁྱབ།
དེང་དུས་ཀྱི་སྒྲིག་འཛུགས་མང་པོ་ཞིག་གི་ནང་དུ་གསར་གཏོད་དང་ལེགས་བཅོས་གཉིས་ནི་དབུགས་རྔུབ་གསར་བ་ཞིག་  ་ཡིན་པ་སྒྲུང་འདིས་ངམ་ངམ་ཤུགས་ཤུགས་ཀྱིས་མངོན་དུ་བཅུག་འདུག

ཁོང་ཚོའི་གསར་སྐྲུན་གྱི་ནུས་པར་གཞིགས་ཏེ་ཕའེ་རེ ལྟ་བུ་མང་པོ་ཞིག་སྒྲིག་འཛུགས་དག་གི་ནང་དུ་གསར་ཞུགས་བྱེད་དུ་བཅུག་ཡོད་པ་རེད། དེ་ལྟ་ནའང༌། མི་ཚེའི་འགྲུལ་བཞུད་ཀྱི་ཀློང་ནས་འཆར་ཅན་གྱི་ཁོར་ཡུག་ཅིག་དང་གཅིག་མཐུན་དུ་བཟོ་དགོས་བྱུང་བ་དེ་ཡིས་ཁོང་ཚོའི་གསར་སྐྲུན་ལ་དྲག་གནོན་བྱས་ཡོད།

སྒྲིག་འཛུགས་གང་རུང་ནང་དུ་མཚོ་བྱ་དང་རྨ་བྱ་ལྟ་བུའི་མི་བུ་རྟག་ཏུ་ཡོད་པ་རེད། ཁོང་གཉིས་ཕུད། ད་དུང་དེ་རུ་ཕུག་རོན་ཚོ་ཡང་ཡོད་པ་རེད། ཁོང་ཚོ་ནི་གཞུང་ལས་ཁང་དུ་ཞི་བདེ་སྐྲུན་མཁན་ཡིན། གཞན་ད་དུང་བར་འདུག་ཏུ་སྡོད་པར་བརྩོན་པའི་ཁང་བྱེའུ་ཚོ་ཡོད་པ་རེད་ལ། བྱེ་མའི་ནང་དུ་མགོ་བོ་སྐུང་བར་འདེམས་པའི་ཨོ་སུ་ཁྲུ་རེ་ཆི་ཚོ་ཡང་ཡོད་པ་རེད།

རྨ་བྱ་དག་གིས་རིག་པ་གསར་བ་དང་བཅས་སྣ་ཚོགས་ཤིག་འཁྱེར་འོང་གི་རེད། ཡིན་ཡང༌། མཚོ་བྱ་དག་གིས་སྐྲུན་པའི་བརྟན་ལྷིང་ལའང་ངེས་པར་དུ་སྣང་ཆུང་གཏོང་མི་རུང༌།
མཚོ་བྱ་ཚོ་ནི་སྒྲིག་འཛུགས་དག་གི་སྒལ་ཚིགས་ཡིན་པའི་ཆ་ནས་ཁོང་ཚོས་གལ་ཏེ་སྒྲིག་འཛུགས་ཤིག་གི་ནང་དུ་ངོས་ལེན་དང་ཡིད་ཆེས་ཡོད་ན་འདྲ་མིན་སྣ་ཚོགས་ཤིག་མཉམ་གནས་བྱེད་ཐུབ་པ་ངོས་འཛིན་བྱེད་དགོས་ཀྱི་ཡོད།

ང་ཚོས་ཕྱོགས་གཉིས་ཀའི་མི་འདྲ་སར་བརྩི་མཐོང་བྱེད་སྟངས་སྦྱོང་སྐབས་ད་གཟོད་ང་ཚོའི་གཞན་གྱི་བསམ་ཚུལ་ལ་ཉན་པའི་འདུན་པ་ཇེ་ཆེར་འགྲོ་གིན་ཡོད་ལ། བསམ་ཚུལ་གསར་བ་དག་ལ་ཉན་པར་སྔོན་ལས་གུ་ཡངས་པོར་འགྱུར་གྱིན་ཡོད་ཅིང༌། འཕེལ་རྒྱས་ལ་འགྲོ་བའི་འདུན་པ་སྔོན་ལས་ཇེ་ཆེར་འགྲོ་གིན་ཡོད།

བྱ་སྒྲོ་མི་འདྲ་བའི་འདབ་ཆགས་དག་གིས་མཉམ་དུ་འཆམ་མཐུན་ངང་ངལ་རྩོལ་བྱེད་ཐུབ།

                ཆག་སྒོའི་ཁྲོད་ཀྱི་རིན་ཐང་།
                                           གངས་ཐིགས་ཀྱིས་བསྒྱུར།

སྤྱི་ལོ་༡༩༡༤ལོའི་ཟླ་༡༢་པའི་ནང་ཐོ་མ་སི་ཨེད་ཊི་སིན་གྱི་ཚོད་ལྟ་ཁང་ལ་མེ་སྐྱོན་ཐེབས་ཏེ་ཡོད་ཚད་རྨེག་རྨེད་དུ་གྱུར་བ་རེད། ཐེངས་འདིའི་གཏོན་སྐྱོན་ནང་ཁོང་ལ་ཨ་སྒོར་ས་ཡ་གཉིས་ལྷག་གི་གྱོང་གུད་ཕོག་ཡོད་ཀྱང་། ཁང་བརྩེགས་དེ་དག་གི་གུན་གསབ་ལ་ཨ་སྒོར་༢༣༢་༠༠༠་མ་གཏོགས་རག་ཡོད་པ་མ་རེད། ཚོད་དཔག་བྱེད་མཁན་དག་གིས་བརྗོད་པ་ལྟར་ན་མཚན་མོ་དེའི་མེ་སྐྱོན་ཁྲོད་ཨེད་ཊི་སིན་གྱི་མི་ཚེ་གང་བོའི་འབད་བརྩོན་གྱི་གྲུབ་འབྲས་མང་ཤོས་བརླགས་ཡོད་འདུག ཆེས་ཚ་ལམ་ལམ་གྱི་མེ་ལྕེའི་ཁྲོད་དུ་ལོ་ཉེར་བཞི་སོན་པའི་བུ་ཆ་ལེ་སི་སྨྱོ་འཚུབ་འཚུབ་ངང་དུད་ནག་དང་ས་རོ་རྡོ་རོ་ཁྲོད་རང་གི་ཨ་ཕ་ལགས་འཚོལ་དུ་ཕྱིན་དུས། ཁོང་ཉིད་ཀྱི་ཞལ་རས་ལ་དམར་མདངས་འཕྲོ་ཞིང་དབུ་སྐྲ་དཀར་པོ་རླུང་ནག་གཡུག་གིན་འཇམ་ཐིང་ངེར་ཡུལ་ལྗོངས་དེར་གཟིགས་བཞིན་ཡོད་པ་རེད། ཆ་ལེ་སིས་བརྗོད་དོན།ངའི་སྙིང་ལ་ན་ཟུག་བཏང་བྱུང་། དགུང་གྲངས་རེ་བདུན་ལ་སོན་པའི་ཁོང་ཉིད་ད་ནི་གཞོན་ནུ་ཞིག་མ་རེད་ལ། ཁོང་གི་རྒྱུ་ནོར་མཐའ་དག་དམར་ལམ་ལམ་གྱི་མེ་ལྕེའི་ཁྲོད་འབར་གྱིན་འདུག ཁོང་གིས་ང་མཐོང་མ་ཐག "ཆ་ལེ་སི། ཁྱོའི་ཨ་མ་གང་ན་འདུགཅེས་སྐད་ཅོར་བརྒྱབ་བྱུང་། "ངས་མཐོང་མ་བྱུང་ཞེས་ཁོང་ལ་ཞུས་སྐབས་ཁོང་གིས་གསུངས་དོན། "མོ་རང་བཙལ་ཏེ་འདིར་ཁྲིད་ཤོག་དང་ཁོ་མོ་ཅི་ཙམ་རིང་འཚོ་ཡང་མ་འོངས་བར་འདི་ལྟ་བུ་ཞིག་གཏན་ནས་མཐོང་ཐུབ་ཀྱི་མ་རེད་ཟེར།

དེའི་ཕྱི་ཉིན་ཨེད་ཊི་སུན་གྱིས་རྩ་སྟོང་དུ་གྱུར་ཟིན་པའི་རྗེས་ཤུལ་ལ་གཟིགས་ཀྱིན་
"ཆག་སྒོའི་ཁྲོད་རིན་ཐང་ཆེན་པོ་ཡོད། དཀོན་མཆོག་ལགས། ང་ཚོའི་ནོར་འཁྲུལ་ཐམས་ཅད་མེད་པར་བཟོས་པ་རེད། བཀའ་དྲིན་ཆེ། ང་ཚོས་ཡང་བསྐྱར་གསར་བ་འགོ་རྩོམ་ཆོགཟེར། མེ་སྐྱོན་ཐེབས་པའི་བདུན་ཕྲག་གསུམ་གྱི་རྗེས་སུ་ཨེད་ཊི་སུན་གྱིས་ཆེས་ཐོག་མར་སྒྲ་འཛིན་འཕྲུལ་འཁོར་ཇུས་འགོད་བྱས་པའི་གསལ་བསྒྲགས་སྤེལ་བ་རེད།

                       ཝེ་ནོ་བྷ་ཡི་ཤེས་ཡོན་སྐོར་གྱི་བསམ་གཞིགས།
(རང་མགོ་རང་ཐོན་དང་རང་དབང༌།)
                
           ཝེ་ནོ་བྷས་བརྩམས། མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

དེང་སྐབས་སློབ་གྲྭ་ནང་དུ་བྱིས་པ་ཚོར་གནས་ཚུལ་འདྲ་མིན་སློབ་ཀྱིན་འདུག ཡིན་ནའང༌། ཁོང་ཚོ་རང་ཉིད་ནས་རང་དབང་གི་སྒོ་ནས་ཤེས་རིག་ཇི་ལྟར་དོན་གཉེར་བྱེད་དགོས་པ་ཁྲིད་ཀྱིན་མི་འདུག

ཤེས་ཡོན་སློབ་གསོའི་ནང་རང་མགོ་རང་ཐོན་ཧ་ཅང་གལ་ཆེན་པོ་ཡིན་པ་མི་མང་པོ་ཞིག་གིས་མོས་མཐུན་བྱེད་ངེས་ཡིན། ང་ལ་མཚོན་ན། རང་མགོ་རང་ཐོན་ལ་ནང་དོན་ཧ་ཅང་གཏིང་ཟབ་པོ་ཞིག་འདུག བྱིས་པ་ཚོར་ལག་ཤེས་བཟོ་རིགས་ཁ་ཤས་སློབ་དགོས་པ་མ་ཟད། ལག་རྩལ་ཁ་ཤས་ཀྱང་ཁྲིད་དགོས། དེ་དག་གིས་ཁོང་རང་ཉིད་ལ་རོགས་རམ་བྱེད་སྲིད། དེ་རུ་ངེས་པར་དུ་ལག་པའི་ངལ་རྩོལ་དགོས་ཀྱི་ཡོད་པ་བརྗོད་མི་དགོས་ཤིང༌། མི་བུ་རེ་རེ་ནས་ཡིན་གཅིག་མིན་གཅིག་ཁོང་རང་ཉིད་ཀྱི་ཡོ་ཆས་དག་ཇི་ལྟར་བེད་སྤྱོད་གཏོང་དགོས་པ་སྦྱོངས་དགོས། གལ་ཏེ་མི་འབོར་ཧྲིལ་བོས་ལག་ཤེས་བཟོ་ལས་ཀྱི་ལས་རིགས་ཁ་ཤས་བདམས་པ་ཡིན་ན། དེ་ཡིས་ཁེ་ཕན་འདྲ་མིན་མང་པོ་ཞིག་འཁྱེར་ཡོང་ངེས་ཏེ་རིགས་རུས་དབྱེ་འབྱེད་ལས་ཐར་ཐུབ་པ། ཐོན་སྐྱེད་གོང་འཕེལ་དུ་འགྲོ་བ། རྒྱུ་ནོར་དང་འཕྲོད་བསྟེན་བཅས་ཡར་རྗེས་སུ་འགྲོ་ངེས། དེར་བརྟེན། ཉུང་མཐར་ཡང་རང་ཁ་རང་གསོ་ཡི་ཐབས་ལམ་འདི་ཤེས་ཡོན་རྩ་འཛིན་གྱི་འཆར་གཞི་ནང་ངེས་པར་དུ་འཇོག་དགོས། ཡིན་ནའང༌། ངས་རྟོགས་པའི་རང་ཁ་རང་གསོ་ནང་འདི་ལས་ལྷག་པའི་དོན་དག་མང་པོ་ཞིག་ཚུད་ཀྱི་ཡོད།

ངས་ཤེས་ཡོན་གྱིས་སློབ་ཕྲུག་ཚོར་ཤེས་རབ་ཀྱི་རྣམ་དཔྱོད་ཕྱོགས་ནས་སྦྱོང་བརྡར་སྤྲད་དེ་ཁོང་ཚོ་རང་མགོ་རང་ཐོན་དང་རང་དབང་གི་བསམ་བློ་བ་ཞིག་བཟོ་ཐུབ་པའི་ཡོན་ཏན་ཞིག་ངེས་པར་དུ་ལྡན་དགོས་པར་བསམ་གྱིན་ཡོད། གལ་ཏེ་འདི་ནི་སློབ་གཉེར་གྱི་དམིགས་ཡུལ་གཙོ་བོ་རུ་གྱུར་སོང་ན། སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་བོ་འགྱུར་ལྡོག་འགྲོ་ངེས་པ་ཡིན། ད་ལྟའི་སློབ་གྲྭའི་འཆར་གཞི་ནང་སྐད་ཡིག་དང་སློབ་ཚན་མང་པོ་ཞིག་ཡོད་སྟབས་སློབ་མ་ཚོར་འབྱུང་འགྱུར་གྱི་ལོ་ཟླའི་ནང་དགེ་རྒན་གྱི་རོགས་རམ་ནི་མེད་ཐབས་མེད་པ་ཞིག་རེད་བསམ་པའི་ཚོར་བ་ཞིག་འགོག་མེད་དུ་འབྱུང་གིན་ཡོད། སྐབས་འདིར་དགེ་རྒན་གྱིས་སློབ་མ་ཁོང་རང་ཉིད་ལ་མདུན་སྐྱོད་ཀྱི་ནུས་ཤུགས་ཡོད་པ་དང་རང་ངོས་ནས་ཤེས་རིག་སྦྱོང་ཐུབ་པ་ཁྲིད་དགོས། འཇིག་རྟེན་འདིའི་ནང་ཤེས་རིག་མཐའ་མེད་པ་ཞིག་ཡོད་ཅིང༌། མི་བུ་རེ་རེ་ནས་རང་གི་བྱ་གཞག་དག་སྒྲུབ་ཆེད་དེའི་ལས་མཐའ་ཡོད་པའི་ཆ་ཤས་ཤིག་དོན་དུ་གཉེར་དགོས། ཡིན་ནའང༌། མི་ཚེའི་ཤེས་རིག་འདི་སློབ་གྲྭ་གང་རུང་དུ་སྦྱོང་ཆོག་པར་བསམ་པ་ནི་ནོར་འཁྲུལ་ཞིག་རེད། མི་ཚེའི་ཤེས་རིག་ནི་མི་ཚེ་ཁོ་ན་ལས་སྦྱོང་དགོས་ཀྱི་ཡོད། སློབ་གྲྭའི་ལས་འགན་ནི་རང་གི་སློབ་ཕྲུག་ཚོར་མི་ཚེའི་ལས་སློབ་སྦྱོང་ལེན་ཐུབ་པའི་ནུས་ཤུགས་བདོག་པའི་བློ་སྒོ་འབྱེད་དགོས་པ་དེ་ཡིན།

ཕ་མ་མང་ཆེ་ཤོས་ཤིག་གིས་སོ་སོའི་བུ་ཕྲུག་སློབ་མཐར་ཕྱིན་ཐུབ་མིན་ཐད་ལ་སེམས་འཚབ་གནང་གི་ཡོད། གལ་ཏེ་མཐར་ཕྱིན་ཐུབ་པ་ཡིན་ན། ཁོང་ཚོས་གླ་ཕོགས་ལེན་རྒྱུ་ཡོད་པའི་ལས་ཀ་ཞིག་གནང་སྟེ་སྟབས་བདེ་བའི་འཚོ་བ་ཞིག་བསྐྱལ་ཆོག་པར་བསམ་གྱིན་འདུག ཡིན་ནའང༌། འདི་ནི་ཤེས་ཡོན་ལ་ནོར་འཁྲུལ་གྱི་ལྟ་སྟངས་ཤིག་རེད། སློབ་སྦྱོང་ལ་སློབ་སྦྱོང་གི་རིན་ཐང་ཞིག་ཡོད་ཅིང༌། སློབ་སྦྱོང་གི་དགོས་དམིགས་ནི་རང་དབང་ཡིན། རང་དབང་ནི་ང་ཚོས་རང་མགོ་རང་ཐོན་ཟེར་བའི་ཐ་སྙད་འདིའི་མིང་བརྡ་གཞན་ཞིག་ཡིན།

རང་མགོ་རང་ཐོན་ནི་གཞན་རྟེན་གྱི་འདུ་ཤེས་ལས་གྲོལ་བའི་རང་དབང་གི་དོན་ཡིན། ཡང་ན་གཞན་གྱི་ཕྱི་དངོས་པོའི་རྒྱབ་སྐྱོར་གང་རུང་ལ་བརྟེན་པའི་བསམ་བློ་ལས་ཐར་བའི་རང་དབང་ལ་གོ ཤེས་ཡོན་དངོས་གནས་ཡོད་མཁན་གྱི་མི་བུ་ནི་རང་དབང་ཅན་དང་རང་སྐྱ་ཐུབ་མཁན་ཞིག་ཡིན། རང་ཁ་རང་གསོ་འདིའི་ཆ་ཤས་གལ་ཆེ་ཤོས་ནི་མི་བུ་ཁོང་ངེས་པར་དུ་ཤེས་ཡོན་ཅན་དང་ལག་ཤེས་བཟོ་རིགས་གང་རུང་ལ་སྦྱོང་བརྡར་ཐོན་པ་ཞིག་ཏུ་བཟོ་དགོས་པ་དེ་ཡིན། འདི་ཡི་ཆ་ཤས་གཉིས་པ་ནི་མི་བུ་རང་ཉིད་ལ་ཤེས་རིག་གསར་བ་དོན་དུ་གཉེར་བའི་འཇོན་ཐང་ལྡན་དགོས་པ་ཡིན། དེ་ཡང་ཧ་ཅང་གལ་ཆེན་པོ་ཞིག་རེད། རང་དབང་འདིའི་ནང་དུ་མེད་དུ་མི་རུང་བའི་གྲུབ་ཆ་གསུམ་པ་ཞིག་ཡོད། འདིའང་ཤེས་ཡོན་གྱི་ཆ་ཤས་ཤིག་ཡིན། རང་དབང་གི་གོ་དོན་ནི་གཞན་རྟེན་འདུ་ཤེས་ལས་གྲོལ་དགོས་པ་གཅིག་པུ་མ་ཡིན་པར་མི་བུ་རང་ཉིད་ཀྱི་སེམས་ཁམས་དག་དང་གློ་བུར་གྱི་སེམས་འགྱུ་དྲག་པོ་དག་ལས་ཀྱང་ཐར་དགོས་པའི་དོན་ཡིན། རང་གི་ཚོར་བ་དག་གི་བྲན་གཡོག་ཏུ་གྱུར་བའི་མི་བུ་དང་རང་གི་གློ་བུར་གྱི་སེམས་འགྱུ་དྲག་པོ་དག་ལ་ཚོད་འཛིན་བྱེད་མི་ཐུབ་མཁན་དག་ནི་རང་དབང་ཅན་མིན་ལ་རང་ཁ་རང་གསོ་ཅན་ཡང་མིན། དེར་བརྟེན། ཤེས་ཡོན་གྱི་ནང་དུ་ཆོག་ཤེས་དང་ཁས་ལེན་དམ་བཅའ། ཞབས་འདེགས་བཅས་ལ་ཁོང་ཚོའི་གནས་བབ་རེ་ཡོད། གང་ལགས་ཤེ་ན། ཐབས་ལམ་འདི་དག་བརྒྱུད་ན་རང་དབང་གི་ལྟ་སྟངས་གསུམ་པ་འདི་སྦྱོང་ཐུབ་ཀྱི་ཡོད།

དེ་ཙ་ན། རང་ཁ་རང་གསོ་ལ་གོ་དོན་གསུམ་ཡོད། རང་གི་ཉིན་རྒྱུན་གྱི་ལྟོ་གོས་མི་གཞན་ལ་བརྟེན་མི་རུང་བ་དང་གཅིག མི་བུ་རང་ཉིད་ནས་ཤེས་རིག་དོན་དུ་གཉེར་བའི་ནུས་ཤུགས་གོང་སྤེལ་གཏོང་དགོས་པ་དང་གཉིས། མི་བུ་རང་གིས་རང་ཉིད་དང་རང་གི་ཚོར་བ། བསམ་བློ་དག་ལ་དབང་སྒྱུར་བྱེད་ཐུབ་དགོས་པ་དང་གསུམ་མོ།། གཟུགས་པོའི་བྲན་གཡོག་ཏུ་གྱུར་བ་ནི་ནོར་བ་རེད། གཟུགས་པོས་གྲོད་ཁོག་གི་ཆེད་དུ་བྲན་གཡོག་ལ་འགྱུར་བཞིན་ཡོད། དེར་བརྟེན། རང་དབང་ཅན་གྱི་མི་བུ་ཡིས་ལག་ཤེས་བཟོ་ལས་བརྒྱུད་ནས་རང་གི་འཚོ་བ་ཇི་ལྟར་ཐག་གཅོད་བྱེད་དགོས་པ་ངེས་པར་དུ་ཤེས་དགོས། བསམ་བློའི་བྲན་གཡོག་ཏུ་གྱུར་བ་ནི་ནོར་བ་རེད། གལ་ཏེ་མི་བུ་ཞིག་གིས་རང་ངོས་ནས་བསམ་བློ་གཏོང་མ་ཐུབ་པ་དང་རང་དབང་རང་བཙན་གྱི་ཐག་གཅོད་ཅིག་གནང་མ་ཐུབ་པ་ཡིན་ན། ཁོང་གི་བསམ་བློ་བྲན་གཡོག་ཏུ་ཚུད་ཚར་བ་རེད། དེའི་རྐྱེན་གྱིས་རང་དབང་ཅན་གྱི་མི་བུ་ཡིས་རང་སྐྱ་ཐུབ་པའི་བསམ་བློའི་སྟོབས་ཤུགས་ཤིག་ངེས་པར་དུ་ཐོབ་པར་བྱེད་དགོས། ཚོར་བ་དང་སེམས་ཚོར་དྲག་པོ་དག་གི་བྲན་གཡོག་ཏུ་གྱུར་བའང་ནོར་བ་རེད། དེ་དག་གི་བཙན་ཤེད་དབང་སྒྱུར་ལས་རྣམ་པར་རྒྱལ་བར་བྱེད་རྒྱུ་ནི་ཤེས་ཡོན་གྱི་མེད་ཐབས་མེད་པའི་ཆ་ཤས་ཤིག་རེད།

ཕ་མ་ཚོས་སོ་སོའི་བུ་ཕྲུག་གི་ཤེས་ཡོན་སྐོར་ལ་བསམ་བློ་གཏོང་སྐབས་རྩ་དོན་འདི་གསུམ་སེམས་ལ་ནན་པོར་བཟུང་དགོས། བྱིས་པ་ཚོར་ལས་ཀ་རག་སྟེ་གཉེན་བསྒྲིགས་བྱས་པ་ཙམ་གྱིས་ཕ་མའི་འགན་འཁྲི་ཧྲིལ་བོ་བསྒྲུབས་ཚར་མེད། ཁོང་ཚོས་རང་རང་གི་བུ་ཕྲུག་དགའ་དགའ་སྤྲོ་སྤྲོ་ཡིན་པ། ལག་རྩལ་ཅན་ཡིན་པ། ཁྱིམ་མཚེས་ཡོངས་རྫོགས་ཀྱིས་བརྩི་བཀུར་གནང་བཞིན་པ་ཡོད་པ་མཐོང་སྐབས་ད་གཟོད་འདོད་བློ་དངོས་དེ་ཚིམ་གྱི་ཡོད།


རྩོམ་རིག་དང་དབང་ཆ་གཅིག་སྡུད་ལམ་ལུགས།

རྗོར་རྗི་ཨོ་ཝལ་ལིས་བརྩམས། མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ལས་བསྒྱུར།

ངས་རང་གི་ཐེངས་དང་པོའི་གཏམ་བཤད་ཀྱི་འགོ་འཛུགས་སྐབས་འདི་ནི་གཉན་འཕྲང་གི་དུས་རབས་ཤིག་མ་རེད་ཅེས་བརྗོད་ཡོད། འདི་ནི་རུས་མཐུན་གྱི་དུས་རབས་ཤིག་ཡིན་པ་ལས་ཟུར་འདོན་གྱི་དུས་རབས་ཤིག་མ་རེད། དུས་རབས་འདིའི་ནང་དུ་དཔེ་དེབ་ཅིག་གི་མཇུག་བསྡོམས་དག་ལ་ཁྱེད་རང་འཐད་པ་མིན་སྐབས་དེའི་ནང་གི་རྩོམ་རིག་གི་དགེ་མཚན་ལ་ལྟ་རྒྱུ་ནི་དམིགས་བསལ་གྱི་ཁག་པོ་རེད། ཆེས་སྤྱིར་བཏང་གིས་བརྗོད་ན། ཆབ་སྲིད་ཀྱིས་རྩོམ་རིག་ལ་བསམ་ཡུལ་ལས་འདས་པའི་བཙན་འཛུལ་བྱས་འདུག འདི་ཡིས་མི་སྒེར་དང་སྤྱི་ཚོགས་བར་དུ་འབྱུང་བཞིན་པའི་དུས་རྒྱུན་གྱི་ང་ཚོའི་བསམ་བློའི་འཐབ་རྩོད་དེ་ཕྱི་ངོས་སུ་འཁྱེར་ནས་སླེབས་ཡོད། སྐབས་དེར་མི་བུ་ཁོང་གིས་ང་ཚོའི་དུས་སྐབས་འདི་ལྟ་བུ་ཞིག་ལ་འབྱུང་འགྱུར་གྱི་དུས་རབས་ནང་རྩོམ་རིག་ཧྲིལ་བོར་ཐེབས་ཉེན་ཆེ་བའི་འཇིགས་སྐུལ་གྱི་རང་བཞིན་རྟོགས་འགོ་ཚུགས་ཀྱང་ཕྱོགས་ལྷུང་བྲལ་ཞིང་དྲང་པོ་དྲང་བཞག་གི་དཔྱད་བརྗོད་རྩོམ་ཡིག་ཅིག་འབྲི་རྒྱུ་ཧ་ཅང་དཀའ་ཁག་ཆེ་བ་ཡིན་པའི་མནོ་བསམ་གཏོང་གི་ཡོད།

ང་ཚོ་ནི་མི་བུ་སྒལ་ཚུགས་ཅན་གྱིས་རང་གི་འཚོ་གནས་དང་སྒེར་ཚུགས་ཀྱི་བསམ་བློ་མཚམས་འཇོག་པའི་དུས་རབས་ཤིག་གི་ནང་འཚོ་ཡོད་ལ། འདི་ནི་རྩོམ་རིག་གི་སྐོར་དང་ལྷག་པར་དུ་དཔྱད་བརྗོད་རྩོམ་ཡིག་གི་ཐད་ནས་བརྗོད་བཞིན་ཡོད། ང་ཚོས་རང་བཞིན་གྱིས་མི་བུ་སྒེར་ཚུགས་ཅན་ནི་བདེན་པ་ཡིན་པར་ངོས་འཛིན་གྱི་ཡོད། དེང་དུས་ཡོ་རོབ་ཀྱི་རྩོམ་རིག་ཧྲིལ་བོ་དྲང་པོ་དྲང་བཞག་གི་ལྟ་ཚུལ་གཞིར་བཞག་པའི་སྟེང་ནས་གསར་རྩོམ་གནང་ཡོད། ངས་འདི་རུ་འདས་པའི་ལོ་ངོ་བཞི་བརྒྱའི་རིང་གི་རྩོམ་རིག་གི་སྒང་ནས་བརྗོད་ཀྱི་ཡོད། ཡང་ན། ཁྱེད་ཀྱིས་ཤེཀ་སི་ཕེ་ཨར་གྱི་ལེགས་བཤད་དེ་ཁྱོད་རང་ཉིད་དྲང་པོ་བྱེད་དགོས་ཞེས་པའི་དགོངས་དོན་ལྟར་གོ་ནའང་འགྲིག ང་ཚོས་ཐོག་མར་རྩོམ་འབྲི་མཁན་ཞིག་ལ་འདོན་པའི་རེ་བ་ནི་ཁོང་གིས་རྫུན་མི་བཤད་པར་རང་གིས་དངོས་གནས་ཅི་ཞིག་ཚོར་བ་དང་ཅི་ཞིག་བསམས་པ་དེ་བརྗོད་རྒྱུ་དེ་རེད་ལ། སྒྱུ་རྩལ་ལས་རིགས་ཤིག་གི་སྐོར་ལ་བརྗོད་ཐུབ་པའི་སྐད་ཆ་སྡུག་ཤོས་དེ་ནི་ལྷག་བསམ་རྣམ་དག་མ་རེད་ཅེས་པ་དེ་རེད། དེ་འདྲའི་སྐད་ཆ་ནི་སྒྱུ་རྩལ་རྩོམ་རིག་ལས་དཔྱད་བརྗོད་རྩོམ་ཡིག་གི་ནང་དུ་མང་པོ་འདུག སྔ་མའི་ནང་དུ་གང་འཚམ་གྱི་གོམས་གཤིས་བྱེ་བྲག་པ་ཞིག་དང་ཐ་ན་ཁ་རུ་ཁ་ཐུག་གི་མགོ་སྐོར་བའི་བྱ་སྤྱོད་གང་འཚམ་ཞིག་འདྲེས་ཡོད་པ་རེད། ཡིན་ནའང༌། རྩོམ་འབྲི་མཁན་ཁོང་རྩ་བའི་ཆ་ནས་ལྷག་བསམ་རྣམ་དག་ཡིན་དུས། དེ་ཙམ་ལ་སྐྱོན་ཡོད་པ་མ་རེད། དེང་རབས་རྩོམ་རིག་ནི་གཞི་རྩའི་ཆ་ནས་མི་སྒེར་གྱི་བྱ་གཞག་ཅིག་རེད། དེ་ནི་མི་བུ་ཁོང་གིས་ཅི་ཞིག་ཚོར་བ་དང་ཅི་ཞིག་བསམ་པའི་བདེན་ཐུབ་ཀྱི་མཚོན་དོན་ཞིག་གམ་ཡང་ན་ཅི་ཡང་མིན་པ་གཉིས་ལས་གཅིག་ཡིན་པ་རེད།

ངས་གོང་དུ་བརྗོད་པ་ལྟར་ང་ཚོས་བསམ་ཚུལ་འདི་བདེན་པར་ངོས་འཛིན་གྱི་ཡོད། ཡིན་ནའང༌། དེ་ཉིད་ཡི་གེའི་ནང་བཀོད་མ་ཐག་རྩོམ་རིག་ལ་འཇིགས་སྐུལ་ཇི་འདྲ་ཐེབས་ཡོད་པ་ང་ཚོར་ངོས་འཛིན་ཐོབ་ཀྱིན་ཡོད། རྒྱུ་མཚན་ནི། དུས་རབས་འདི་ནི་དབང་ཆ་གཅིག་སྡུད་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཀྱི་དུས་རབས་ཤིག་ཡིན་པས་སོ།། འདི་ཡིས་ཅི་ཞིག་བྱུང་ཡང་མི་བུ་སྒེར་ལ་རང་དབང་ཅི་ཡང་སྤྲོད་ཀྱི་མེད་ལ་ཕལ་ཆེར་སྤྲོད་ཀྱང་ཐུབ་ཀྱི་མེད། ཁོ་བོས་དབང་ཆ་གཅིག་སྡུད་ལམ་ལུགས་ཞེས་བརྗོད་སྐབས། ཁྱོད་ཀྱིས་དེ་མ་ཐག་ལྗར་མན་ནེ་དང་ཨུ་རུ་སུ། ཨི་ཊ་་ལི་བཅས་བསམ་སྲིད་པ་རེད། ཡིན་ཡང༌། ངས་བསམ་ན་མི་ཚང་མས་ངེས་པར་དུ་ཉེན་ཁ་འདི་ལ་གདོང་ལེན་བྱེད་དགོས་ཀྱི་རེད། ཅིའི་ཕྱིར་ཞེ་ན། སྣང་ཚུལ་འདི་འཇིག་རྟེན་ཡོངས་ཁྱབ་དུ་འགྱུར་གྱིན་ཡོད། རང་དབང་ཅན་གྱི་མ་རྩ་རིང་ལུགས་ད་ནི་མཇུག་རྫོགས་ལ་ཉེ་ཞིང༌། རྒྱལ་ཁབ་དག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་དཔལ་འབྱོར་ལྟེ་བར་འཛིན་པའི་ལམ་ལུགས་ཤིག་དང་དུ་ལེན་བཞིན་ཡོད། འདི་ལ་སོ་སོའི་འདོད་ཕྱོགས་ལྟར་སྤྱི་ཚོགས་རིང་ལུགས་སམ་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཅེས་བརྗོད་ཆོག ཚད་ངེས་ཅན་གྱི་སྒང་ནས་བརྗོད་ན། མི་སྒེར་གྱི་དཔལ་འབྱོར་རང་དབང་དེ་དང་ལྷན་དུ། ཁོང་གིས་རང་ཉིད་ཀྱི་མངོན་འདོད་སྒྲུབ་པའི་རང་དབང་དང་ལས་ཀ་ཡི་གདམ་གའི་རང་དབང༌། ཕར་འགྲོ་ཚུར་འོང་གི་རང་དབང་བཅས་མཇུག་སྒྲིལ་ལ་ཉེ་ཡོད། ད་ལྟའི་ཆ་ལ་འདི་ཡི་བྱ་སྤྱོད་དག་སྔོན་ཚུད་ནས་མཐོང་རྒྱུ་མི་འདུག དཔལ་འབྱོར་གྱི་རང་དབང་མེད་པར་གྱུར་བ་དེ་ཡིས་ཤེས་རིག་གི་འཚོ་བ་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན་དེ་སྔ་གཏན་ནས་རྟོགས་མེད་ཅིང༌། དུས་རྒྱུན་སྤྱི་ཚོགས་རིང་ལུགས་ནི་ཀུན་སྤྱོད་རིང་ལུགས་ཅན་དུ་བསྒྱུར་བའི་རང་མོས་རང་ལུགས་ཀྱི་རིགས་ཤིག་ཡིན་པར་དགོངས་ཡོད། རྒྱལ་ཁབ་ཀྱིས་ཁྱེད་ཀྱི་མི་ཚེའི་དཔལ་འབྱོར་ལ་འགན་ལེན་དང་ད་དུང་ཁྱེད་རང་དབུལ་ཕོངས་དང་ལས་ཤོར་སོགས་ཀྱི་འཇིགས་སྣང་འོག་ནས་བཅིངས་འགྲོལ་གཏོང་གི་ཡོད་ནའང༌། དེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཤེས་རིག་འཚོ་བ་ལ་ཇུས་གཏོགས་བྱེད་མི་རུང༌། གུ་ཡངས་པའི་མ་རྩ་རིང་ལུགས་ཀྱི་དུས་སྐབས་ནང་སྒྱུ་རྩལ་གྱི་ལས་རིགས་ཇི་ལྟར་དར་བ་བཞིན་ད་ལྟའང་དར་རྒྱས་ལ་འགྲོ་ཐུབ་ཅིང༌། ད་དུང་མང་ཙམ་གོང་འཕེལ་དུ་འགྲོ་ངེས། གང་ཡིན་ཞེ་ན། སྒྱུ་རྩལ་པ་ད་ཆ་དཔལ་འབྱོར་གྱི་བཙན་དབང་འོག་མེད་པས་སོ།།

ད་ལྟ་འདིར་ཡོད་ཀྱི་བདེན་དཔང་ལ་བརྟེན་ནས་བསམ་ཚུལ་འདི་ཚོར་སླད་སྐྱོན་ཐེབས་ཡོད་པ་ངེས་པར་དུ་ངོས་འཛིན་བྱེད་དགོས། དབང་ཆ་གཅིག་སྡུད་ལམ་ལུགས་ཀྱིས་བསམ་བློའི་རང་དབང་རྩ་མེད་དུ་བཏང་ཡོད། འདི་འདྲ་དུས་རབས་སྔོན་མའི་ནང་དུ་རྣ་བས་གོ་རྒྱུ་མེད། ཡིན་ནའང༌། དེ་ཡི་བསམ་བློའི་བཀག་སྡོམ་ངན་ཕྱོགས་ཡིན་པ་མ་ཟད་བཟང་ཕྱོགས་ཀྱང་ཡིན་པ་ཧ་གོ་རྒྱུ་གལ་ཆེན་པོ་རེད། དེ་ཡིས་ཁྱེད་ཀྱི་བསམ་བློ་མཚོན་པར་བཀག་འགོག་བྱེད་པ་མ་ཟད། ཅི་ཞིག་བསམ་བློ་གཏོང་དགོས་བར་བཀའ་རྒྱ་གཏོང་ངེས། ད་དུང་ཁྱེད་ལ་བསམ་བློའི་འདུ་ཤེས་ཤིག་གསར་སྐྲུན་བྱེད། ཁྱེད་ཀྱི་བརྩེ་གདུང་གི་མི་ཚེ་དབང་སྒྱུར་བྱེད་པར་འབད་བརྩོན་བྱེད་པ་མ་ཟད། ད་དུང་སྤྱོད་ལམ་གྱི་བཅའ་ཡིག་ཞིག་ཀྱང་བཟོ་ངེས་རེད། དེ་ཡིས་ཁྱེད་རང་ཕྱི་ལོག་གི་འཇིག་རྟེན་དང་ཁ་ཐག་རིང་དུ་གཏོང་གང་ཐུབ་བྱེད་ལ། ཁྱེད་རང་བཅོས་མའི་འཇིག་རྟེན་ཞིག་གི་ནང་བཙོན་འཇུག་བྱེད། དེའི་ནང་དུ་ཁྱེད་ལ་གནས་སྟངས་བསྡུར་སའི་ཚད་གཞི་མི་ཡང་མེད། དབང་ཆ་གཅིག་སྡུད་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཀྱིས་རང་གི་མི་དམངས་ཀྱི་བྱ་སྤྱོད་ལ་ཇི་ལྟར་སྟངས་འཛིན་བྱེད་པ་བཞིན་མི་དམངས་ཀྱི་བསམ་བློ་དང་ཤུགས་དྲག་པོའི་ཚོར་བ་དག་ཡོངས་སུ་དབང་སྒྱུར་བྱ་ངེས་པ་ཡིན།

གནས་སྟངས་འདི་ལྟ་བུ་ཞིག་གི་ནང་རྩོམ་རིག་གནས་ཐུབ་ཀྱི་རེད་དམ། འདི་ནི་ང་ཚོ་ལ་མཚོན་ན་དྲི་བ་གལ་ཆེན་ཞིག་རེད། ངས་བསམ་ན་ཁྱེད་ཀྱིས་ཐུབ་ཀྱི་མ་རེད་ཅེས་འཕྲལ་དུ་ལན་བསྐྱོན་ངེས་རེད། གལ་ཏེ་དབང་ཆ་གཅིག་སྡུད་ལམ་ལུགས་འདི་རྟག་བརྟན་དང་འཇིག་རྟེན་ཡོངས་ཁྱབ་ཅིག་ཏུ་གྱུར་སོང་ན། ང་ཚོས་ཤེས་པའི་རྩོམ་རིག་འདི་ངེས་པར་དུ་མེད་པར་འགྱུར་ངེས་རེད། འདི་ནི་ཐོག་མར་རྒྱུ་མཚན་ཡོད་མདོག་ཅན་ཞིག་ཏུ་སྣང་སྲིད་ནའང་འདི་ཡིས་མེད་པར་གྱུར་བ་ནི་རིག་རྩལ་བསྐྱར་དར་སྔོན་གྱི་ཡོ་རོབ་ཀྱི་རྩོམ་རིག་ཁོ་ན་རེད་བརྗོད་ཀྱི་མེད།་

ཡོ་རོབ་དང་ཤར་ཕྱོགས་རྒྱལ་ཁབ་ཚོའི་ནང་གི་དབང་ཆ་གཅིག་སྡུད་ལམ་ལུགས་དང་སྔར་སྲོལ་གྱི་ཆོས་ལུགས་དག་གི་བར་དུ་ཁྱད་པར་ཆེན་པོ་ཁ་ཤས་ཤིག་འདུག ཆེས་ཆེ་ཤོས་གཅིག་ནི་སྔར་སྲོལ་གྱི་ཆོས་ལུགས་དེ་དག་ལ་འགྱུར་བ་མེད་པའམ་མ་མཐའ་ཡང་འཕྲལ་དུ་འགྱུར་མེད། དུས་རབས་བར་མའི་ཡོ་རོབ་ནང་གི་ཡི་ཤུའི་ཆོས་ཁང་གིས་ཁྱེད་ཀྱིས་ཅི་ཞིག་ལ་ཡིད་ཆེས་བྱེད་དགོས་པ་བཀའ་རྒྱ་བཏང་བ་རེད། ཡིན་ནའང༌། དེ་ཡིས་ཉུང་མཐར་ཡང་ཁྱེད་རང་སྐྱེས་པ་ནས་འཆི་ཁའི་བར་དུ་ཡིད་ཆེས་དེ་ཉིད་ཉར་དུ་བཅུག་ཡོད་པ་རེད། དེ་ཡིས་ཁྱེད་རང་ལ་དེ་རིང་གཅིག་ལ་ཡིད་ཆེས་བྱེད་དགོས་པ་དང་སང་ཉིན་གཞན་ཞིག་ལ་ཡིད་ཆེས་བྱེད་དགོས་པར་བརྗོད་མེད། འདི་ནི་སྔར་སྲོལ་གྱི་ཡི་ཤུའི་ཆོས་ལུགས་པ་དང་ཧིན་རྡུ། ནང་པ་དང་ཁ་ཆེ་བཅས་ལ་བདེན་པ་ཡིན་པ་ཕལ་ཆེར་གཅིག་མཚུངས་རེད། བཤད་སྟངས་གཞན་ཞིག་ནས་བརྗོད་ན། ཁོང་གི་བསམ་བློ་དག་ལ་མཚམས་བཟུང་བྱས་ཡོད་པ་རེད། ཁོང་གི་མི་ཚེ་ཧྲིལ་བོ་བསམ་བློའི་སྒྲོམ་གཞི་གཅིག་པ་ཞིག་གི་ནང་ནས་བསྐྱལ་ཡོད་པ་རེད། འོན་ཀྱང༌། ཁོང་གི་སེམས་ཚོར་དྲག་པོ་དག་ལ་ཐེ་གཏོགས་གང་ཡང་བྱས་ཡོད་པ་མ་རེད།

ད་ལྟའི་དབང་ཆ་གཅིག་སྡུད་ལམ་ལུགས་ལ་མཚོན་ན་ཏག་ཏག་ལྡོག་ཕྱོགས་དེ་བདེན་པ་རེད། དབང་ཆ་གཅིག་སྡུད་ལམ་ལུགས་ཅན་གྱི་རྒྱལ་ཁབ་ཀྱི་ཐུན་མིན་ཁྱད་ཆོས་ནི་དེ་ཡིས་བསམ་བློ་ལ་དབང་སྒྱུར་བྱེད་བཞིན་ཡོད་ནའང༌། དེ་གཏན་ནས་འགྱུར་བ་མེད་པར་བཟོ་གིན་མེད། དེ་ཡིས་ལབ་གླེང་མེད་པའི་གཞུང་ལུགས་དག་གསར་སྐྲུན་གནང་གི་ཡོད་ལ། དེ་དག་ཉིན་རེ་ནས་ཉིན་རེར་འགྱུར་བ་གཏོང་གི་ཡོད། ཅིའི་ཕྱིར་ཞེ་ན། དེར་མི་དམངས་ཀྱིས་མཐའ་གཅིག་ཏུ་ཅི་གསུང་བཀའ་སྒྲུབ་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ནའང༌། སྟོབས་ཤུགས་ལྡན་པའི་ཆབ་སྲིད་རིག་པ་བས་དགོས་ངེས་ཀྱི་འགྱུར་བ་གཏོང་དགོས་བའི་བཀའ་རྒྱ་གཏོང་དུས་དེར་གཡོལ་ཐབས་མེད་པ་རེད། དེ་ཡིས་རང་ཉིད་ལ་ནོར་འཁྲུལ་ཡོང་མི་སྲིད་པའི་ཁྱབ་བསྒྲགས་བྱས་བ་རེད། ཡིན་ནའང༌། དེ་དང་ཆབས་ཅིག་ཏུ་ཕྱི་ཡུལ་གྱི་བདེན་པའི་གོ་དོན་ལ་ངོ་རྒོལ་གནང་གི་ཡོད། དམར་རྗེན་རྗེན་གྱི་དཔེར་མཚོན་ཞིག་ཞུས་པ་ཡིན་ན། ལྗར་མན་ནེ་ཡི་མི་རེ་རེ་ཡིས་༡༩༣༩ལོའི་ཟླ་༩པའི་བར་དུ་རཱ་ཤི་ཡའི་བྷོལ་ཤི་རིང་ལུགས་ནི་ཞེ་ཁྲེལ་དང་འཇིགས་སྐྲག་ཅན་ཞིག་ཏུ་རྩིས་དགོས་བྱུང་བ་རེད། འོན་ཀྱང༌། སྤྱི་ལོ་༡༩༣༩ལོའི་ཟླ་༩པ་ནས་བཟུང་ཁོང་ཚོས་དེ་ལ་ཡིད་སྨོན་དང་མཛའ་སེམས་མི་བཅངས་ཀ་མེད་བྱུང་བ་རེད། གལ་ཏེ་རཱ་ཤི་ཡ་དང་རྗར་མི་ནེ་བར་ལ་དམག་འཁྲུག་བྱུང་བ་ཡིན་ན། འབྱུང་འགྱུར་གྱི་ལོ་ངོ་ཁ་ཤས་ནང་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་འདུགའཚེ་བའི་འགྱུར་བ་གཞན་ཞིག་གིས་དེ་མཚུངས་ཀྱི་ཚབ་མི་བྱེད་ཐུ་མེད་རེད། བྱམས་བརྩེ་དང་ཞེ་འཁོན་གྱིས་ཁེངས་པའི་ལྗར་མན་ནེ་ཡི་བརྩེ་གདུང་གི་མི་ཚེ་ཡང་དགོས་ངེས་ལ་ཐུག་དུས་གློ་བུར་ཉིད་དུ་འགྱུར་བ་འགྲོ་བར་བསམ་གྱི་ཡོད་པ་རེད། རྩོམ་རིག་གི་སྒང་ལ་ཐེབས་པའི་འདི་ལྟ་བུའི་ཤུགས་རྐྱེན་དག་ལ་ངས་ཕལ་ཆེར་མཛུབ་མོ་འཛུགས་དགོས་ཀྱི་མ་རེད། རྒྱུ་མཚན་ནི། རྩོམ་ཡིག་འབྲི་བའི་བྱ་བ་ནི་གཙོ་ཆེ་བ་ཚོར་བའི་གནད་དོན་ཞིག་རེད། ཚོར་བ་དེ་ནམ་ཡང་ཕྱི་ལོག་ནས་དབང་སྒྱུར་བྱེད་ཐུབ་ཀྱི་མེད། ཆོས་ལུགས་མཁྲེགས་འཛིན་གྱི་དུས་སྐབས་སུ་ཁ་སྟོང་ཞབས་ཞུ་གནང་རྒྱུ་ལས་སླ་བོ་རེད། ཡིན་ནའང༌། རྩོམ་འབྲི་བའི་འབྲས་བུ་གང་ཡིན་རུང་འབྲི་མཁན་རང་ཉིད་ཀྱིས་རང་གིས་ཅི་ཞིག་བརྗོད་བཞིན་པ་དེར་བདེན་པའི་ཚོར་བ་ཞིག་སྐྱེས་སྐབས་ད་གཟོད་བསྐྱེད་ཐུབ་ཀྱི་རེད། གལ་ཏེ་དྲང་བདེན་གྱི་ཚོར་བ་འདི་མེད་ན། གསར་རྩོམ་ལ་འཇུག་པའི་ངར་ཤུགས་དེ་འབྱུང་གི་མ་རེད། དབང་ཆ་གཅིག་སྡུད་ལམ་ལུགས་ཀྱིས་རང་གི་རྗེས་འཇུག་པ་ཚོར་གློ་བུར་དུ་ཚོར་ཤུགས་ཀྱི་འགྱུར་བ་གཏོང་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་འདི་ནི་སེམས་ཁམས་ཀྱི་ཐད་ནས་རྦད་དེ་འབྱུང་མི་སྲིད་པ་ཞིག་རེད། འདི་ནི་ང་ཚོར་ཡོད་པའི་བདེན་དཔང་ཡོད་ཚད་ཀྱིས་ར་སྤྲོད་བྱེད་ཀྱི་ཡོད། གལ་ཏེ་དབང་ཆ་གཅིག་སྡུད་ལམ་ལུགས་འདི་འཇིག་རྟེན་ཡོངས་ཁྱབ་དུ་གྱུར་བ་ཡིན་ན་ང་ཚོས་རྟོགས་པའི་རྩོམ་རིག་འདི་མེད་པར་འགྱུར་ངེས་རེད་ཅེས་ངས་བརྗོད་པའི་རྒྱུ་མཚན་གཙོ་བོ་འདི་ཡིན། དོན་དངོས་སུ་བརྗོད་ན། དབང་ཆ་གཅིག་སྡུད་ལམ་ལུགས་ཀྱིས་ཐེབས་པའི་ཤུགས་རྐྱེན་ཡང་ད་ལྟའི་བར་དུ་འདི་ཙམ་ཡིན་པ་འདྲ། ཨི་ཊ་ལེ་ནང་གི་རྩོམ་རིག་ནི་ཡན་ལག་གཅོང་ཅན་དུ་གྱུར་ཡོད་ལ། ལྗར་མན་ནེའི་ནང་གི་རྩོམ་རིག་གི་འཕེལ་རྒྱས་ཀྱང་ཧ་ལམ་མཚམས་བཞག་ཡོད་པ་འདྲ། ན་ཛ་ཡི་ཧཕ་ཤི་སིའི་མངོན་གསལ་ཆེ་ཤོས་ཀྱི་བྱ་འགུལ་གཅིག་ནི་དཔེ་དེབ་དག་མེར་བསྲེགས་གཏོང་བཞིན་པ་འདི་རེད། ཐ་ན་ཨུ་རུ་སུའི་ནང་དུ་ང་ཚོས་དེ་སྔོན་རིག་རྩལ་བསྐྱར་དར་གྱི་རེ་སྒུག་བྱས་པ་དེའང་མངོན་འགྱུར་མ་བྱུང་བ་རེད། ཁོང་ཚོའི་རྩོམ་པ་པོ་གྲགས་ཅན་དག་གིས་རང་སྲོག་གཅོད་པ་དང་བཙོན་ཁང་ནང་ནས་གར་སོང་ཆ་མེད་དུ་འགྲོ་བའི་འདོད་བློ་ཡོད་པ་ང་ཚོར་སྟོན་གྱི་ཡོད།

ངས་དེ་སྔོན་རང་དབང་ཅན་གྱི་མ་རྩ་རིང་ལུགས་མངོན་གསལ་དོད་པོའི་སྒང་ནས་མཇུག་སྒྲིལ་ལ་ཉེ་བ་རེད་ཅེས་བརྗོད་ཡོད། དེར་བརྟེན། ངས་བསམ་བློའི་རང་དབང་ཡང་རྩ་མེད་དུ་འགྲོ་བར་གཡོལ་ཐབས་མེད་པ་ཞིག་རེད་ཅེས་བསམ་ཚུལ་བཏོན་པའི་འཆར་སྣང་ཁྱེད་ཚོར་སྐྱེས་སྲིད་པ་རེད། ཡིན་ནའང༌། ངས་་ཡིད་ཆེས་དེ་འདྲ་བྱེད་ཀྱི་མེད། མཇུག་བསྡོམས་ཀྱི་ཚུལ་དུ་བརྗོད་འདོད་པ་ནི་རྩོམ་རིག་འདི་མུ་མཐུད་གསོན་གནས་ཐུབ་མིན་གྱི་རེ་བ་དེ་གོ་མཚོན་གྱི་དམག་དཔུང་མེད་པའི་རྒྱལ་ཁབ་དང་རང་དབང་རང་ལུགས་ཀྱི་རྩ་བ་མཐུག་པའི་ནུབ་ཕྱོགས་ཀྱི་ཡོ་རོབ་དང་ཨ་མེ་རི་ཀ་ རྒྱ་གར། རྒྱ་ནག་བཅས་ལ་ཐུག་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། དཔལ་འབྱོར་ལྟེ་བར་འཛིན་པའི་དབང་ཆ་གཅིག་སྡུད་ལམ་ལུགས་ཤིག་འབྱུང་ངེས་ནའང༌། སྲིད་གཞུང་འདི་ཚོས་དབང་ཆ་གཅིག་སྡུད་ལམ་ལུགས་མིན་པའི་སྤྱི་ཚོགས་རིང་ལུགས་ཤིག་ཇི་ལྟར་འཕེལ་རྒྱས་གཏོང་དགོས་པ་ཤེས་པའི་ཡིད་ཆེས་བྱེད་ཀྱིན་ཡོད་ལ། དེའི་ནང་དུ་རང་དོན་རང་ལུགས་ཀྱི་དཔལ་འབྱོར་ཁེ་དབང་མེད་པར་གྱུར་ནའང་བསམ་བློའི་རང་དབང་གནས་ཐུབ་པའི་ཡིད་ཆེས་གཙང་མ་ཡོད། དེ་ནི་རྩོམ་རིག་ལ་དོ་ཁུར་གནང་མཁན་ཚང་མའི་རེ་བ་ཉག་གཅིག་ཡིན་པ་གདོན་མི་ཟ། རྩོམ་རིག་གི་དགེ་མཚན་ཚོར་མཁན་དང་འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་རྩོམ་རིག་གི་འགན་འཁྲི་གཙོ་བོ་མཐོང་མཁན་སུ་ཡིན་རུང་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱིས་ཕྱི་ནང་གང་རུང་ནས་བཙན་འཛུལ་བྱེད་སྐབས་དེར་ཚེ་སྲོག་གིས་འགོག་རྒོལ་བྱེད་དགོས་པ་འདི་འང་ངེས་པར་དུ་རྟོགས་དགོས་སོ།།
༡༩༤༡ལོར་བྲིས།            

གླུ་ཐལ་སྦྱར་མ་དང་འབྲེལ་བའི་གཏམ་ཐོར་བུ་ཞིག

གསར་རྩོམ་ནི་སྒྲིག་གཞི་དང་བསྟུན་མི་དགོས།    
                                 
                                    ཨོ་ཞའོ། གངས་ཐིགས་ཀྱིས་བསྒྱུར།

རྒྱ་གར་གྱི་སྙན་ངག་པ་གྲགས་ཅན་རཱ་བྷིན་དྲ་ན་ཐི་ཐེ་ཀོར་མཆོག་གིས་ཁོང་གི་སྙན་ངག་དེབ་ཆུང་གྷི་ཐན་ཀཱ་ལི་འམ་གླུ་ཐལ་སྦྱར་མ་ཞེས་པ་དབྱིན་ཡིག་ཏུ་བསྒྱུར་བ་རེད། དཔེ་དེབ་ཆུང་ཆུང་དེར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་ཡོད། དེ་དང་འབྲེལ་བའི་གལ་འགངས་ཧ་ཅང་ཆེ་བའི་དོན་རྐྱེན་ཆུང་ཚགས་ཤིག་ངོས་ལ་བརྗོད་རྒྱུ་ཡོད།

རྒྱ་གར་ནང་དུ་དེ་ཡིས་དེ་སྔ་ཉུང་མཐར་ལོ་ངོ་བཅོ་ལྔའི་རིང་ལ་ཕན་ནུས་ཐོན་ཡོད། ཡིན་ནའང༌། དཔེ་དེབ་ཅིག་རྒྱལ་སྤྱིའི་སྐད་ཡིག་གི་ཚད་གཞི་དག་ལ་མ་སླེབས་པ་དང་རྒྱལ་སྤྱིའི་གདེང་འཇོག་མ་ཐོབ་པ་ཡིན་ན། དཔེ་དེབ་དེར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་རྒྱུ་ནི་ཧ་ཅང་གི་ཁག་པོ་རེད།

ཐེ་ཀོར་ཁོང་རང་ཉིད་དེ་སྔ་སེམས་ཁྲལ་ཏོག་ཙམ་སྐྱེས་ཡོད། གང་ལགས་ཤེ་ན། ཁོང་གིས་དཔེ་དེབ་དེ་བསྒྱུར་བ་རེད། སྙན་ངག་བསྒྱུར་རྒྱུ་ནི་ནམ་རྒྱུན་དཀའ་ཚེགས་ཤིན་ཏུ་ཆེ་བའི་བྱ་གཞག་ཅིག་རེད། ཚིག་ལྷུག་བསྒྱུར་རྒྱུ་ནི་ལས་སླ་བོ་རེད། ཡིན་ཡང༌། སྙན་ངག་ཕབ་སྒྱུར་བྱེད་རྒྱུ་ནི་ཧ་ལས་པའི་དཀའ་མོ་རེད། ཅིའི་ཕྱིར་ཞེ་ན། ཚིག་ལྷུག་ནི་མི་ཚོགས་ཀྱི་ཁྲོམ་ར་ལྟ་བུ་རེད། སྙན་ངག་ནི་བརྩེ་བའི་འཇིག་རྟེན་ཞིག མཛེས་སྡུག་གི་འཇིག་རྟེན་ཞིག  ཟླ་བ་དང་རྒྱུ་སྐར་གྱི་འཇིག་རྟེན་ཞིག་ཡིན་པས་རེད། དེ་ནི་གལ་ཆེ་བའི་བྱ་གཞག་ཅིག་རེད།

སྐད་ཡིག་རེ་རེར་ཁྱད་པར་ཕྲ་མོ་ nuances ཞིག་ཡོད་པ་རེད། དེ་དག་ཕལ་ཆེར་བསྒྱུར་ཐུབ་ཀྱི་མེད། སྙན་ངག་པ་ཁོང་རང་ཉིད་ཀྱིས་རང་གི་སྙན་ངག་བསྒྱུར་བ་ཡིན་ཙང༌། ཁོང་དེ་སྔ་སྒྱུར་རྩོམ་དེའི་སྐོར་ལ་ཐེ་ཚོམ་སྐྱེས་པ་རེད། དེར་བརྟེན། ཐེ་ཀོར་གྱིས་སྒྱུར་རྩོམ་དེ་དེའི་སྐབས་ཀྱི་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཆེས་གྲགས་ཅན་ C.F Andrews  ལ་བསྟན་པ་རེད། ཁོང་འབྲི་ཀློག་ལ་ཧ་ཅང་མཁས་པ་མ་ཟད། ཡོན་ཏན་པ་དང་ཤེས་ཡོན་པ་ཞིག་ཀྱང་ཡིན་པ་རེད།

C.F Andrews ཡིས་དེ་ལ་འགྱུར་བ་བཞི་གཏོང་དགོས་པའི་དགོངས་འཆར་གནང༌། ཁོང་གིས་ "ཡོངས་རྫོགས་འགྲིགས་འདུག ཡིན་ནའང༌། བརྡ་སྤྲོད་རིག་པའི་ཐད་ནས་མི་འགྲིགས་ས་བཞི་འདུག་" ཅེས་བཤད་པ་རེད། ཐེ་ཀོར་གྱིས་ཁོང་གི་བསླབ་བྱ་སེམས་ལ་བཟུང་དེ་དེ་ཚོར་འགྱུར་བ་བཏང༌།

ལོན་ཊོན་དུ་ཡོད་པའི་ཁོང་གི་ཨིར་ཡུལ་གྱི་གྲོགས་པོ་སྙན་ངག་པ་ Yeats ཡིས་རཱ་བྷིན་དྲ་ན་ཐི་ཐེ་ཀོར་ལགས་ཀྱི་སྒྱུར་རྩོམ་གྱི་སྒྲོག་སྦྱངས་ཆེད་དུ་དབྱིན་ཡུལ་གྱི་སྙན་ངག་པ་དག་སྐོང་འཚོགས་བྱས་ཡོད། ཚོགས་ཞུགས་པ་ཚང་མས་དེར་ཚད་མཐོ་བའི་གདེང་འཇོག་མཛད། སྙན་ངག་དེབ་ཆུང་དེ་ཡི་མཛེས་སྡུག་ནུབ་ཕྱོགས་རྒྱལ་ཁབ་ཚོར་མཚོན་ན་རྦད་དེ་གསར་བ་ཞིག་ཆགས་ཡོད།

ཡིན་ནའང༌། དེའི་སྐབས་ཀྱི་ཆེས་འབུར་དུ་ཐོན་པའི་དབྱིན་ཡུལ་གྱི་སྙན་ངག་པ་གྲགས་ཅན་ Yeats ཡིས་ "ཡོངས་རྫོགས་འགྲིགས་འདུག ཡིན་ནའང༌། སྙན་ངག་པ་མ་ཡིན་པའི་མི་བུ་ཞིག་གིས་ཕྱོགས་གནས་བཞི་ལ་འགྱུར་བ་ཁ་ཤིས་ཤིག་བཏང་འདུག་པ་འདྲ་" ཞེས་བརྗོད་པ་རེད། རཱ་བྷིན་དྲ་ན་ཐི་ཐེ་ཀོར་དེར་ཡིད་ཆེས་གནང་མ་ཐུབ་པ་རེད། ཁོང་གིས་ "མི་འགྲིགས་ས་བཞི་པོ་གང་དག་རེད་" ཅེས་དྲིས། Yeats ཡིས་ཏག་ཏག་མི་འགྲིགས་ས་བཞི་བོ་ཁོང་ལ་བསྟན། རཱ་བྷིན་དྲ་ན་ཐི་ཐེ་ཀོར་ཡིས་ "ཅི་ཞིག་ནོར་འདུག" ཅེས་དྲིས། ཁོང་གིས་ "མི་འགྲིགས་ས་ཅི་ཡང་མི་འདུག དེ་ཚོ་བརྡ་སྤྲོད་རིག་པའི་ཐད་ནས་ཡང་དག་པ་རེད། ཡིན་ཡང༌། སྙན་ངག་གི་ཐད་ནས་་་་་་་་་་་་དེ་དག་ལ་དགོངས་འཆར་གནང་མཁན་གྱི་མི་བུ་དེ་སུ་ཡིན་རུང་ཁོང་གིས་བརྡ་སྤྲོད་རིག་པ་ཤེས་གྱི་ཡོད་པ་ལས་སྙན་ངག་ཤེས་ཀྱི་མི་འདུག ཁོང་ནི་ (a man of mind but does not a man of heart) རིག་པ་གཙོ་བོར་འཛིན་མཁན་ཞིག་ཡིན་པ་ལས་སེམས་ཚོར་གཙིགས་སུ་འཛིན་མཁན་ཞིག་མ་རེད། ཁོང་གིས་སྙན་ངག་འདིའི་བཞུར་རྒྱུན་ལ་འགོག་རྐྱེན་བཟོས་འདུག དེ་ནི་ལྷུང་ལྷུང་དུ་བཞུར་པའི་གཙང་པོ་ཞིག་བྲག་རྡོ་ཞིག་ལ་འཕྲད་པ་དང་གཉིས་སུ་མ་མཆིས་" ཞེས་བཤད་པ་རེད།

རཱ་བྷིན་དྲ་ན་ཐི་ཐེ་ཀོར་གྱིས་ཁོང་ལ་ " ངས་ C.F Andrews ལ་དྲིས་པ་ཡིན། འདི་ཚོ་ནི་ཁོང་གི་ཐ་སྙད་རེད། ངས་ཁྱེད་ལ་དེ་སྔོན་ང་རང་གིས་འདི་རུ་མིང་ཚིག་ཅི་ཞིག་སྤྱད་ཡོད་པ་བརྗོད་ཆོག་" ཟེར།

ཐེ་ཀོར་གྱིས་རང་གི་ཐ་སྙད་དེ་དག་བསྐྱར་དུ་ཚིག་གྲུབ་ནང་ལ་འཇུག་སྐབས་ Yeats ཡིས་ "བརྡ་སྤྲོད་རིག་པའི་ཐད་ནས་ནོར་འདུག་ནའང༌། དེ་དག་ཡོངས་སུ་འགྲིགས་འདུག སྙན་ངག་གི་གནད་དོན་ཞིག་ཡིན་སྐབས་བརྡ་སྤྲོད་རིག་པ་ལ་བསྟུན་དགོས་པ་གལ་ཆེན་པོ་མ་རེད། ཁྱོད་ཀྱིས་རྗེས་སུ་རང་གི་ཐ་སྙད་བེད་སྤྱད་དེ་འགྱུར་བ་གཏོང་ཆོག་གི་རེད་" ཅེས་བརྗོད་པ་རེད།