Monday, April 2, 2012

.

བསམ་བློ་འཁྱེར་སོའི་ཁྱད་འཕགས་ཀྱི་ནུས་སྟོབས།                                  
 མང་རའི་གངས་ཐིགས་ཀྱིས་བསྒྱུར།

སེམས་ཁམས་རིག་པ་བ་ཚོས་རྟག་པར་ང་ཚོ་ལ་བསམ་བློའི་འཁྱེར་སོ་ཡིས་འབྲས་བུ་ལ་ཤུགས་རྐྱེན་ཐེབས་ཐུབ་པར་གསུང་གིན་ཡོད་ཅིང་། ཚན་རིག་པ་གཉིས་ཀྱིས་བསམ་བློའི་འཁྱེར་སོ་ཡིས་ས་བོན་ལ་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་མེད་ལ་ཚོད་ལྟ་ཞིག་བྱེད་པའི་སྣེ་འཁྲིད་རྒྱུའི་ཐག་བཅད་པ་རེད།

ལྕགས་ཊིན་གཉིས་ཀྱི་ནང་དུ་སྤུས་ཀ་དང་གྲངས་འབོར་གཅིག་པ་ཡིན་པའི་གཤིན་ས་དང་རྫས་ལུད། ད་དུང་གྲངས་ཀ་གཅིག་མཚུངས་ཀྱི་ས་བོན་བཅས་བླུགས་རྗེས། ལྕགས་ཊིན་དེ་གཉིས་དྲོ་ཁང་ཞིག་གི་ནང་དུ་བཞག་ནས་དེ་གཉིས་གནམ་གཤིས་དང་དྲོད་ཚད་ཀྱི་ཆ་རྐྱེན་གཅིག་མཚུངས་ཡོད་པ་བཟོས།

བརྟག་དཔྱད་ཁྲོད་དུ་འགྱུར་བ་གཅིག་རང་ཐེབས་ཀྱི་ཡོད་སྟབས། དེའི་རྗེས་ཉིན་རེ་རེ་ལ་ཚན་རིག་པ་གཉིས་དྲོད་ཁང་ནང་གི་ལྕགས་ཊིན་དང་པོའི་མདུན་དུ་ཕེབས་ཏེ་ཁོ་གཉིས་ཀྱིས་བརྗོད་ཤེས་པའི་ཚིག་ངན་པ་ཡོད་ཚད་དེ་ལ་བརྗོད། ཁོ་གཉིས་ཀྱིས་ས་བོན་རྣམས་ལ་ཁྱེད་རྣམས་ཡག་པོ་ཡོད་ས་གཅིག་ཀྱང་མི་འདུག ཁྱེད་ཚོ་མ་འོངས་པར་གཅིག་ཀྱང་འབུས་ཀྱི་མ་རེད། གལ་ཏེ་འབུས་ཀྱང་ཡུན་རིང་བོར་འཚོ་མི་ནུས། ཞེས་ཡང་ནས་བསྐྱར་དུ་བརྗོད་པ་རེད།

དེའི་རྗེས་ཁོ་གཉིས་ལྕགས་ཊིན་གཉིས་པའི་མདུན་དུ་ཕྱིན་ཏེ་ཁོ་གཉིས་ཀྱིས་བརྗོད་ནུས་པའི་ཚིག་ཡག་པོ་དག་དེ་ལ་བཤད། ཁོ་གཉིས་ཀྱིས་བརྗོད་རྒྱུར། ཁྱེད་རྣམས་དཔེ་མི་སྲིད་པའི་ཡག་པོ་འདུག ཁྱེད་རྣམས་ཀྱིས་རྗེས་སུ་འབྲས་བུ་ངོ་མཚར་ཅན་སྟོན་གྱི་རེད། ཁྱེད་རྣམས་ལས་བསྐྱེད་པའི་འབྲས་བུ་ཚང་མ་འབྱུང་འགྱུར་ལྟད་མོ་ཞིག་ཏུ་ཆགས་ངེས། ཞེས་ཡང་ཡང་ལབ།

བདུན་ཕྲག་གསུམ་གྱི་རིང་ལ་ཉིན་རེར་ཐེངས་གསུམ་རེར་འདི་ལྟར་བསྐྱར་ཟློས་བྱས། གཟའ་འཁོར་གསུམ་པའི་གཟའ་མཇུག་ཏུ་ཚན་རིག་པ་གཉིས་ཀས་ལྕགས་ཊིན་དང་པོ་ལས་རྩྭའི་ཉག་མ་གཉིས་སམ་གསུམ་ལས་ཡར་འབུས་མེད་པ་དང་ལྕགས་ཊིན་གཉིས་པ་ལས་རྩྭའི་ཉག་མ་ཡོངས་རྫོགས་ཕྱི་ལ་ཐོན་ཡོད་པ་མ་ཟད། དེ་རྣམས་ཤིན་ཏུ་སྟོབས་ཆེན་པོ་ཡིན་སྟབས་གཤིན་ས་དང་རྫས་ལུད་ཡོད་པའི་ལྕགས་ཊིན་ཧྲིལ་བོ་ཡར་འདེགས་ནུས་པའི་ཤུགས་རྒྱས་ཡོད་པ་མཐོང་། གལ་སྲིད་འདི་ནི་བསམ་བློ་འཁྱེར་སོ་ཡིས་ས་བོན་དེ་དག་ལ་ག་རེ་སྒྲུབ་ཐུབ་པ་དེ་ཡིན་ན། འདིས་འགྲོ་བ་མི་རྣམས་ལ་ཅི་ཞིག་བགྱི་ནུས་པ་བསམ་བློ་གཏོང་རོགས།

The Vision ལས་བསྒྱུར།

2 comments:

  1. འགྱུར་རྩོམ་འདི་སྤྱི་ཚོགས་མེ་ལོང་སྟེང་སྤེལ་འདུག་པ་གཤམ་གསལ།
    http://www.tibetanpen.org.in/melong/pdf/vol84.pdf

    ReplyDelete