Sunday, March 18, 2012



རང་དབང་། རང་དབང་།
མཚམས་རེར་ང་ཚོས་དོན་གཅིག་ལ་རེ་འདུན་ཞུས་ཀྱང་།དོན་དངོས་ཐོག་ང་ཚོའི་འདོད་མོས་ནི་གཞན་ཞིག་རེད། _ཨོའོ་ཞོ།
མང་རའི་གངས་ཐིགས་ཀྱིས་བསྒྱུར།

རང་དབང་འཐབ་རྩོད་པ་གྲགས་ཅན་ཞིག་རི་བོ་ཞིག་བརྒྱུད་དེ་མཚན་མོར་མགྲོན་ཁང་ཞིག་ནང་སྡོད་སྐབས་ལྟ་ན་སྡུག་པའི་ནེ་ཙོ་ཞིག་གིས་གསེར་གྱི་རླུང་ཙི་ཞིག་གི་ནང་ནས་"རང་དབང་རང་དབང་"ཞེས་བསྐྱར་ཟློས་ཡང་ཟློས་བྱེད་བཞིན་པ་ཐོས་བས་ཁོང་ཧ་ལས་བ་རེད།འགྲུལ་ཁང་ནི་འདི་ལྟ་བུའི་ས་ཆ་ཞིག་ནང་ཡོད་སྟབས་ནེ་ཙོ་དེས་ "རང་དབང་ཞེས་མཚམས་མེད་བསྒྲགས་སྐབས་འབོད་སྒྲ་དེ་སྤང་ལྗོངས་དང་རི་བོ་བརྒྱུད་དེ་ཁྱབ་ནས་ཡོང་གི་ཡོད།

མི་དེའི་སེམས་པར་ "ངས་ནེ་ཙོ་མང་པོ་ཞིག་མཐོང་མྱོང་ལ་ཁོ་ཚོ་ནི་ལྕགས་ཁྲ་འདི་ཚོ་ལས་ཐར་བའི་འདུན་པ་ངེས་པར་དུ་ཡོད་ཀྱི་རེད་བསམས་བྱུང་། འོན་ཀྱང་ཉིན་གང་བོར་གསེར་གྱི་རླུང་ཙི་ནང་ནས་ "རང་དབང་གི་འབོད་སྒྲ་སྒྲོགས་པའི་ནེ་ཙོ་འདི་ལྟ་བུ་ཞིག་གཏན་ནས་མཐོང་མ་མྱོང་།བསམས། ཁོང་ལ་བསམ་བློ་ཞིག་འཁོར་ཏེ་མཚན་གུང་ལ་གསེར་གྱི་རླུང་ཙི་དེའི་སྒོ་ཕྱེ་བ་རེད། སྦྱིན་བདག་དེ་གཉིད་ཁོལ་འདུག་པ་དང་བསྟུན་ནས་ཁོང་གིས་ནེ་ཙོ་དེར་ཤབ་བེ་ཤུབ་བེར་ངང་ "ད་ནི་ཕྱི་ལ་ཐོན་ཤོག་ཅེས་བཤད། ཡ་མཚར་བ་ཞིག་ལ་ནེ་ཙོ་དེས་ལྕགས་ཁྲའི་སྒོ་ཤིང་ལ་འཇུས་བསྡད་པ་རེད། "ཁྱེད་ཀྱིས་རང་དབང་བརྗེད་བྱུང་བ་རེད་དམ། སྒོ་ནི་ཕྱེ་འདུག་ལ་སྦྱིན་བདག་ཀྱང་གཉིད་དུ་ཡུར་འདུག སུས་ཀྱང་ཤེས་ཀྱི་མ་རེད།ཁྱེད་མཁའ་དབྱིངས་སུ་འཕུར་དང་མཐའ་ཡས་པའི་ནམ་མཁའ་ཁྱེད་ཀྱི་རེད་ཅེས་ཁོང་ལ་ཡང་ཡང་བཤད་པ་རེད།

ཡིན་ན་ཡང་།ནེ་ཙོས་ད་དུང་སྒོ་ཤིང་ལ་དམ་པོར་བསྡམས་འདུག་སྟབས་མི་དེས་འདྲི་རྒྱུར། "ཅི་ཞིག་བྱུང་སོང་།ཁྱོད་སྨྱོས་པ་རེད་དམ།" ཁོང་གིས་ནེ་ཙོ་དེ་ཕྱི་ལ་བཏོན་གྲབས་བྱས་མོད།ནེ་ཙོ་དེས་ "རང་དབང་། རང་དབང་།" ཞེས་སྒྲོག་པ་དང་ཆབས་ཅིག་ཁོང་ལ་གཞུ་འགོ་བརྩམས་པ་རེད། བྲག་ཅ་དེ་མཚན་མོའི་སྤང་གཤོང་བརྒྱུད་ཡང་ཡང་ཁྱབ་བཞིན་འདུག་ལ་རང་དབང་འཐབ་རྩོད་པ་ཁོང་ཡང་མི་ཨུ་ཚུགས་ཅན་ཞིག་རེད།ཁོས་ནེ་ཙོ་དེ་ཕྱི་རོལ་ལ་བཏོན་དེ་ནམ་མཁའ་ལ་སྤུར་སོང་།ནེ་ཙོ་དེས་ཁོང་ལ་ཤུགས་གང་ཡོད་ཀྱིས་རྒོལ་རྡུང་བྱས་སྟབས་ཁོང་གི་ལག་པར་རྨ་བཟོས་འདུག་མོད། སེམས་པ་ནང་ལ་བྱ་ཞིག་ལ་རང་དབང་ཐོབ་དུ་བཅུག་པའི་དགའ་ཚོར་གྱིས་ཁོང་ཧ་ཅང་ཡིད་ཚིམ་པའི་ངང་གཉིད་ཉལ་དུ་ཕྱིན་པ་རེད། 

ཕྱི་ཉིན་ཞོགས་པར་ཡང་མི་དེས་ "རང་དབང་། རང་དབང་ཞེས་པའི་ནེ་ཙོ་དེའི་འབོད་སྒྲ་ཐོས།ཁོང་གིས་སེམས་པར་ནེ་ཙོ་དེ་གཅིག་བྱས་ན་ཤིང་སྡོང་ཞིག་གམ་བྲག་རྡོ་ཞིག་གི་སྒང་ལ་བབས་ཡོད་ཀྱི་རེད་སྙམ།ཡིན་ཡང་། ཁོང་ཕྱི་རོལ་ལ་ཡོང་ནས་ལྟ་དུས་ནེ་ཙོ་དེ་ཉིད་སྒོ་ཕྱེ་བའི་གསེར་གྱི་རླུང་ཙི་དེའི་ནང་དུ་བསྡད་ཡོད་པ་མཐོང་།ཁྱོད་ཀྱིས་རང་དབང་ཞིག་ཐོབ་ན་བསམ་ཡང་རླུང་ཙི་ལའང་ངེས་གཏན་གྱི་བདེ་འཇགས་ཤིག་ཡོད་པ་རེད། 


No comments:

Post a Comment