Saturday, March 17, 2012


གཞོན་ནུའི་ལས་འགུལ་གྱི་འགན་དཀྲིས་བྱེད་སྒོ།
 གངས་ཐིགས་ཀྱིས་བསྒྱུར།

ངས་སྐབས་གསུམ་པའི་རྒྱ་གར་རྒྱལ་ཡོངས་གཞོན་ནུའི་ཚོགས་པའི་ཕེབས་སྒྲིག་ཚོགས་ཆུང་གི་ཚབ་བྱས་ཏེ་ཁྱེད་རྣམས་ང་ཚོའི་གྲོང་ཁྱེར་འདིར་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ། ཀོང་རི་སིའི་སྐབས་གསུམ་པའི་ཚོགས་འདུ་ལོ་འདིར་འཚོགས་པ་ནི་གཞོན་ནུའི་ལས་འགུལ་གྱི་ཟུངས་ཤུགས་རྒྱས་བཞིན་པའི་འཁྲུལ་མེད་ཀྱི་མཚོན་རྟཊ་ཤིག་ཡིན།

མི་ལ་ལས་གཅིག་བྱས་ན་ལོ་འདིའི་རྒྱ་གར་རྒྱལ་ཡོངས་གཞོན་ནུ་ཚོགས་པའི་བྱ་བའི་རིམ་པ་དག་རྒྱ་གར་རྒྱལ་ཡོངས་ཀོང་རི་སིའི་ཚོགས་པ་དང་ཚོགས་པ་ཐུན་མོང་ལྷན་ཚོགས་གཉིས་ཀྱི་བསམ་ཞིབ་གོ་བསྡུར་གྱིས་གང་ལ་གང་འཚམ་མངོན་གསལ་ཆུང་དུ་གཏོང་སྲིད་པའི་གོ་རྟོགས་སྐྱེས་སྲིད་པ་རེད། ཡིན་ཡང༌།ངའི་བསམ་པར་གཞོན་ནུ་ལྷན་ཚོགས་ལྟ་བུའི་འདུ་འཛོམས་གལ་འགངས་ཀྱི་ཆོས་ཉིད་དེ་སུས་ཀྱང་ཉམས་ཆག་ཏུ་གཏོང་མི་ཐུབ། ངས་ང་ཚོའི་མི་ཚེའི་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་དག་གི་གལ་ཆེན་རང་བཞིན་རྣམ་པ་གང་གི་འོག་ནས་ཀྱང་ཆུང་དུ་མི་གཏོང་བར་གཞོན་ནུ་ཚོའི་དཀའ་ངལ་དག་ནི་གནད་འགག་ཏུ་བརྩི་ཞིང་ཁོང་ཚོ་ལ་ཁོང་ཚོའི་གལ་ཆེན་གྱི་གནས་བབ་ཅིག་ཡོད་པ་རྒྱུན་འཁྱོངས་བྱེད་ངེས་ཡིན། ང་ཚོ་གཞོན་ནུ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་མཁན་ཚོ་ཁོང་ཚོ་ལ་མཚོན་ན་ཆེས་རིན་ཐང་ལྡན་པ་དང་གལ་འགངས་ཆེན་པོ་ཞིག་ཡིན། ང་ཚོ་ཚང་མས་ཕྲག་སྟེང་དུ་ལས་འགན་གཅིག་པ་གཅིག་རྐྱང་ཞིག་ཡོད་སྙམ་པའི་ཚོར་བ་རྣལ་མ་ཞིག་དང་ལྷན་དུ་ཐེངས་འདིའི་ཚོགས་འདུའི་ནང་དོན་རྣམས་བསམ་གཞིཊ་ཞིབ་ཚཊ་སྒོས་བགྲོ་གླེང་གནང་བར་ང་ལ་དོགས་པ་ཅི་ཡང་མེད་ཅིང༌། ཀོང་རི་སིས་རྒྱལ་ཁབ་འདིའི་གཞོན་ནུ་ཚོའི་དེང་དུས་ཀྱི་ཆེས་གནད་འགག་ཅན་གྱི་དཀའ་ངལ་དག་ངེས་པར་དུ་སེལ་བར་ཐེ་ཚོམ་དེ་བས་མེད། ངས་དེར་བརྟེན་ཕེབས་སྒྲིག་ཚོགས་ཆུང་གིས་ང་གལ་ཆེན་གྱི་མཛད་སྒོ་འདི་ལྟ་བུ་ཞིག་གི་ཐོག་ཏུ་ཁྱོད་ཚོ་བསུ་མཁན་དུ་བསྐོ་བཞག་བྱས་པར་ཆེ་མཐོང་གནང་བ་ཞིག་དང་དམིཊ་བསལ་གྱི་ཐོབ་ཐང་ཅིག་གནང་བར་བརྩི་གིན་ཡོད།

གལ་ཏེ་ང་ཚོས་རང་གི་མིག་ཟུང་རྒྱལ་མཚམས་ལས་བརྒལ་ཏེ་འཛམ་བུ་གླིང་གི་དོན་རྐྱེན་དག་ལ་ཕྱིར་བལྟས་ཤིག་བྱས་ན། དེ་རུ་འབར་དུ་ཐོན་པའི་སྣང་ཚུལ་གཅིག་གིས་ཡུལ་ལུང་རེ་རེ་ནས་ང་ཚོ་ལ་བསུ་བ་བྱེད་ཀྱིན་ཡོད་པ་སྟེ། དེ་ནི་རིག་རྩལ་བསྐྱར་དར་གྱི་གཞོན་ནུ་ཚོ་རེད། བྱང་ཕྱོགས་ནས་ལྷོ་ཕྱོགས། ཤར་ཕྱོགས་ནས་ནུབ་ཕྱོགས་བར་གྱི་གང་སར་བལྟ་ཙམ་བགྱི་བ་ཡིན་ན། གཞོན་ནུའི་ལས་འགུལ་ནི་དངོས་ཡོད་ཅིག་ཏུ་གྱུར་ཡོད་པ་འདི་ཡིན། ང་ཚོས་གཞོན་ནུའི་ལས་འགུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡིན་པ་དང༌། ཕྱོཊ་གཅིག་ནས་གང་དག་ནི་དེའི་གྲུབ་ཆ་དང་ཕྱོཊ་གཞན་ཞིག་ནས་དེའི་མཐར་ཐུག་གི་དམིཊ་ཡུལ་གང་ཡིན་པ་བཅས་བློ་ལ་ངེས་པ་བྱེད་རྒྱུ་ནི་དགོས་ངེས་ཤིག་ཡིན།

གཞོན་ནུ་ཕོ་མོའི་མཐུན་ཚོཊ་གང་རུང་ལ་གཞོན་ནུ་ལྷན་ཚོགས་ཀྱི་མིང་གནས་ཐོབ་མི་འོས། སྤྱི་ཚོཊ་ཞབས་ཞུ་ཚོཊ་པའམ་སྐྱིད་སྡུག་ཚོཊ་པ་ནི་གཞོན་ནུ་མཐུན་ཚོགས་ཡིན་མི་དགོས། གཞོན་ནུ་མཐུན་ཚོཊ་ནི་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་ལ་འདོད་པ་མ་ཚིམ་མཁན་ཞིག་དང་གནས་བབ་འདི་ལས་ཡག་པོ་ཞིག་འགྲུབ་པར་དེ་ལ་འཆར་སྣང Vission་ ཡོད་མཁན་ཞིག་ཡིན། གཞོན་ནུའི་ལས་འགུལ་དག་ནི་མཐོང་ལམ་དུ་བཅོས་སྒྱུར་བྱེད་མཁན་མིན་པར་གསར་བརྗེ་བྱེད་མཁན་ཡིན་དགོས། གཞོན་ནུའི་ལས་འགུལ་གང་རུང་མགོ་མ་ཚུཊ་སྔོན་ངེས་པར་དུ་ད་ཆའི་གནས་སྟངས་ལ་བཟོད་བསྲན་བྱེད་དཀའ་བའི་འུ་ཐུག་པའི་ཚོར་བ་ཅིག་སྐྱེས་དགོས་གི ང་རང་སྒེར་ངོས་ནས་འདི་འདྲའི་ལས་འགུལ་ནི་དུས་རབས་ཉི་ཤུ་བའི་སྣང་ཚུལ་ཞིག་གམ་ཐོལ་བྱུང་གི་སྣང་ཚུལ་ཞིག་ཡིན་པའི་ཆ་འཇོག་བྱེད་ཀྱིན་མེད། སོ་ཁི་ར་ཏེ་དང་སྟོན་པའི་དུས་སྐབས་ནས་བཟུང་མི་རྣམས་སྔོན་ལས་སྐྱིད་པའི་འཇིག་རྟེན་ཞིག་གི་འཆར་སྣང་གིས་སེམས་ཤུཊ་སྤར་ཡོད་རེད་ལ། སེམས་ཤུཊ་དེའི་འོག་ནས་སྤྱི་ཚོགས་བསྐྱར་འཛུཊ་བྱེད་པར་འབད་འབུངས་ཆེན་པོ་བྱས་ཡོད་པ་རེད། དེང་དུས་ཀྱི་གཞོན་ནུའི་ལས་འགུལ་དག་ལའང་འདི་འདྲའི་གཅིག་མཚུངས་ཀྱི་འཆར་སྣང་ཞིག་དང་འབད་བརྩོན་གཅིག་པ་ཞིག་ཡོད་པའི་ཁྱད་པར་གྱིས་འབྱེད་དགོས། འདི་ནི་ཨུ་རུ་སི་ནང་གི་བྷོལ་ཞེ་རིང་ལུགས Bolshevism་དང་ཨི་ཏྲ་ལེའི་ནང་གི་ཕ་སེ་རིང་ལུཊFascism་ཡིན་ཀྱང་ཆོག་གི་ ཡང་ན་ཊིར་ཀེ་ནང་གི་ཊིར་ཀེ་གཞོན་ནུ་ཚོའི་ལས་འགུལ་ལམ། རྒྱ་ནག་ནང་གི་ལས་འགུལ་དང་ཕ་རན་སི། རྗར་མི་ནེ་ནང་གི་ལས་འགུལ་གང་ཡང་རུང་ཁྱེད་ཀྱིས་འདི་རྣམས་འཆར་སྣང་གཅིག དམིགས་ཡུལ་གཅིགསྐུལ་འདེད་གཅིག་གི་འོག་ནས་སྤེལ་བ་ཡིན་པ་མཐོང་ངེས། མི་རབས་རྒན་པའི་འགོ་ཁྲིད་ཚོ་ག་དུས་ཕམ་པ་ཡིན་ན་གཞོན་ནུ་ཚོས་རང་རྒྱུད་རང་ཤེས་ཀྱི་ཐོག་ནས་སྤྱི་ཚོཊ་བསྐྱར་འཛུཊ་ཀྱི་ལས་འགན་ཁོང་ཚོའི་སོ་སོའི་ཕྲག་ཏུ་ལེན་པ་དང༌། སྤྱི་ཚོགས་དེ་ཉིད་སྔོན་ལས་ལེཊ་པ་དང་ཡ་རབས་ཀྱི་འཚོ་གནས་ཕྱོཊ་སུ་ཁྲིད་པ་རེད།

གྲོགས་པོ་རྣམ་པ།ད་ནི་ང་ཚོས་རང་ཁ་ནང་ལ་སྐོར་དང༌། དེ་ནི་རྗར་མི་ནེ། ཨུ་རུ་སི། ཨི་ཏྲ་ལེ།རྒྱ་ནག་ནང་གི་གཞོན་ནུ་གཅིག་པུ་ཙམ་ཡར་ལངས་པ་མ་རེད། ཐ་ན་རང་རེ་པདྨའི་ལྗོངས་སུའང་རྟོགས་སད་སྐྱེས་བཞིན་ཡོད། ངས་རྟོཊ་སད་འདི་ནི་ཕྱི་ངོས་ཙམ་མ་ཡིན་པར་ནང་ནས་སྐྱེས་བཞིན་པ་ཡིད་ཆེས་བརྟན་པོ་ཡོད། ད་ནི་རྒྱ་གར་གཞོན་ནུ་ཚོ་ལས་འགན་ཚང་མ་མི་རབས་རྒན་པ་ཚོའི་ཕྱག་ཏུ་བཞག་སྟེ་ལག་པ་ལྟེབ་བརྩེཊ་བརྒྱབ་ཏེ་སྡོད་པའམ་སྨྲ་མི་ཤེས་བའི་དུད་འགྲོ་བཞིན་གཞན་རྗེས་སུ་བསྙེཊ་པར་ཡིད་ཚིམ་གྱི་མེད། ཁོ་ཚོས་རང་ཉིད་ལ་རང་དབང་ལྡན་པ་དང༌། རླབས་ཆེ་ཞིང་སྟོབས་ཤུཊ་ལྡན་པའི་རྒྱ་གར་གསར་བ་ཞིག་འཛུགས་སྐྲུན་བྱེད་པའི་དུས་ལ་བསླེབས་ཡོད་པ་རྟོགས་ཡོད། ཁོ་ཚོས་ལས་འགན་དང་དུ་བླངས་ཡོད་ལ་མཇུག་འབྲས་ཅི་ཞིག་འབྱུང་ཡང་གྲ་སྒྲིག་བྱེད་བཞིན་རླབས་ཆེ་བའི་བྱ་གཞག་འདི་འགྲུབ་པར་སློབ་གཉེར་ལ་བྲེལ་ཡོད། ཆེས་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་ལ་དགའ་ཞེན་ཡོད་པའི་མི་རྣམས་ཀྱི་འོས་འགན་ནི་ད་ལྟ་སྤེལ་བཞིན་པའི་ལས་འགུལ་འདི་དག་གི་སྒང་ལ་སོ་སོར་བསམ་ཚུལ་ཅི་ཞིག་ཡོད་པ་ཞེད་སྣང་མེད་པར་བརྗོད་དགོས། དེར་གལ་བོ་ཆེ་ལ་ནན་ཏན་གྱི་ཐོག་ནས་བརྟག་དཔྱད་དང་ཆད་ལྷག་དག་གསང་བ་མེད་པར་དམར་རྗེན་དུ་སྟོན་དགོས་ཤིང༌། ལས་འགུལ་ཡོངས་ཡང་དག་ཅིང་གྲུབ་འབྲས་ལྡན་པའི་བརྒྱུད་ལམ་དུ་གཏོང་དགོས།

ངས་དེ་རིང་རང་གི་མཐའ་བསྐོར་ལ་བལྟ་སྐབས། འུ་ཅག་ལ་བསམ་བློའི་ལྟ་གྲུབ་གཉིས་ཡོད་པ་ཡིད་ལ་འཆར་བྱུང༌། འདིའི་སྐོར་ལ་སྦ་གསང་དང་ཞེད་སྣང་མེད་པར་བརྗོད་རྒྱུ་ནི་ཁོ་བོའི་འོས་འགན་ཡིན། ངའི་བརྗོད་ཀྱིན་པའི་བསམ་བློའི་ལྟ་གྲུབ་ཅེས་པ་འདི་ས་རྦར་མ་ཐེ་Sabarmati དང་ཕོན་རྡེ་ཆེ་རེ་Pondicherry རུ་ཁོ་ཚོའི་དབུས་གཞུང་ཡོད་པ་འདི་ལ་བཤད་པ་ཡིན། ངས་གཞི་རྩའི་ལམ་ལུགས་ཀྱིས་བསམ་བློ་ལྟ་གྲུབ་འདི་གཉིས་ཀྱི་མགོ་གནོན་པར་ཆ་འཇོག་གིན་མེད། ད་ནི་དངོས་ཁམས་དཔྱད་རིག་གི་ཚོད་དཔག་བྱེད་པའི་དུས་མ་རེད། ངས་དེ་རིང་ཁྱོད་ཚོ་ལ་ང་དངོས་ཡོད་ཀྱི་ལྟ་གྲུབ་སྨྲ་བ་ཞིག་གི་མིང་ཐོག་ནས་བསམ་བློའི་ལྟ་གྲུབ་གང་རུང་ལ་ཐོག་མ་ཉིད་ནས་ཡོད་པའི་རིན་ཐང་དེ་དག་དངོས་ཁམས་དཔྱད་རིག་པ་ཞིག་གི་ལྟ་བ་ཐོག་ནས་སྨྲ་བ་མ་ཡིན་པར་དངོས་ཡོད་ཀྱི་ཤུཊ་རྐྱེན་དང་མཇུག་འབྲས་ཀྱི་ཉམས་མྱོང་གི་ཐོག་ནས་བརྗོད་ཀྱི་ཡིན།

ས་རྦ་མ་ཐེ་བསམ་བློའི་ལྟ་གྲུབ་དྲིལ་བསྒྲཊ་ཀྱི་དངོས་ཡོད་ཤུཊ་རྐྱེན་སྤྲོད་སྟངས་ནི་མི་རྣམས་ཀྱི་སྣང་ངོར་དེང་རབས་རིང་ལུཊ་མི་བཟང་བའི་ཚོར་བ་ཞིག་སྐྲུན་པ་བརྒྱུད་དེ་བག་ཆགས་ངན་པ་ཞིག་འཇོག་རྒྱུ་དེ་རེད། ཁོ་ཚོས་ཕོན་ཆེན་པོའི་ཐོན་སྐྱེད་ནི་ནག་ཉེས་ཤིག་ཏུ་འདོད་དེ་མི་རྣམས་ཀྱི་འཚོ་བའི་གནས་སྟངས་གོང་དུ་སྤེལ་བར་མཁོ་བའི་དངོས་པོའི་དགོས་མཁོ་མང་དུ་སྤེལ་བར་མི་འདོད་ཅིང༌། ང་ཚོ་ངེས་པར་དུ་གང་འཇོན་འཇོན་གྱིས་ཤིང་རྟའི་འཁོར་ལོའི་དུས་སྐབས་སུ་ཕྱིར་ལོག་བྱེད་དགོས་པ་དང༌། རང་གཟུགས་ Soul ཆེས་གཙོ་བོར་འཇོག་པ་ལས་དངོས་ཁམས་ཀྱི་རིག་གནས་དང་དམག་སྦྱོང་བཅས་སྣང་མེད་དུ་བསྐྱུར་རུང་བར་འཁུམས་པ་རེད།

ཕོན་སྒྲེ་ཆེ་རེ་བསམ་བློའི་ལྟ་གྲུབ་དྲིལ་བསྒྲཊ་ཀྱི་དོན་དངོས་ཤུཊ་རྐྱེན་སྤྲོད་སྟངས་ནི་ཞི་བདེ་བག་ཕེབས་ཀྱི་སྒོམ་རྒྱག་རྒྱུ་ལས་ལྷག་པའི་ཆོས་ཤིག་མེད་པར་གསུངས། ཡོ་གའི་སྒོམ་སྒྲུབ་ཉམས་ལམ་གྱི་དོན་ནི་པྲཱ་ཎཱ་ཡཱམ Pranayama་དང་ངྷ་ཡཱན་Dhyana ཡིན་པར་འདོད། སྐབས་དེར་ཡོ་གའི་བྱ་སྤྱོད་ནི་དམིཊ་བསལ་གྱི་མཐོ་བ་དང་ཡག་པོ་རུ་འདོད། དྲིལ་བསྒྲཊ་འདིས་མི་རྣམས་ལ་རང་འདོད་བྲལ་བའི་བྱ་སྤྱོད་རྒྱུན་མཐུད་ནས་སྤེལ་ན་ད་གཟོད་ཆོས་སེམས་གོང་འཕེལ་དུ་འགྲོ་བར་བརྗོད་དེ་རང་བྱུང་ཁམས་དབང་བསྒྱུར་བའི་ཐབས་ལམ་ཡག་ཤོས་ནི་ཁོ་མོ་ལ་འཐབ་རྩོད་བྱེད་རྒྱུ་ཡིན་པ་དེ་བརྗེད་དུ་བཅུག་འདུག ང་ཚོའི་ཕྱོགས་ཡོངས་ཉེན་ཁ་དང་དཀའ་ངལ་གྱིས་བསྐོར་ཡོད་དུས་སྒོམ་བརྒྱབ་པར་སྐྱབས་བཅོལ་བ་ནི་ཐབས་སྐྱོ་བོ་རེད།

བག་ཡངས་རིང་ལུཊ Passivism་ ནི་དོན་དངོས་སུ་མཚན་ཉིད་རིག་པ་མ་རེད། འདི་ནི་བསམ་བློ་ལྟ་གྲུབ་འདི་ཚོས་བཟོས་པ་ཡིན་སྟབས་ངས་དེར་ངོ་རྒོལ་བྱེད་ཀྱིན་ཡོད། ང་ཚོའི་ཆོས་ཀྱི་ཞིང་ཁམས་ནས་ཨཱ་ཤྲམ་ Ashrams དང་དཀའ་སྤྱད་ཁང ascetiss་ བཅས་ནི་སློབ་གཉེར་ཁང་གསར་བ་དག་མ་རེད་ལ། ཡོ་གའི་སྒོམ་སྒྲུབ་Yogisརྣམས་ནི་དཔེ་གསར་བའི་སྣང་ཚུལ་ཞིག་མ་རེད། ཁོ་ཚོས་ད་ལྟ་གནས་བབ་ཅིག་བཟུང་ཡོད་པ་རེད་ལ་མ་འོངས་པའང་སྤྱི་ཚོགས་ནང་མུ་མཐུད་དུ་གཟི་བརྗིད་ལྡན་པའི་གོ་གནས་ཤིག་བཟུང་ངེས་རེད། ཡིན་ནའང༌།ང་ཚོས་རླབས་ཆེ་ཞིང༌། རང་དབང་དང་བདེ་སྐྱིད་ལྡན་པའི་རྒྱ་གར་གསར་བ་ཞིག་བཟོ་དགོས་ན་ངེས་པར་དུ་ཁོང་ཚོའི་ལམ་སྟོན་འོག་འགྲོ་དགོས་པ་མ་རེད།

གྲོཊ་པོ་རྣམ་པ།གལ་ཏེ་ངའི་ཁ་གསང་པོའི་དབང་གིས་ཁྱེད་ཚོའི་སེམས་ཚོར་ལ་རྡོག་བརྗིས་བཏང་ཡོད་ན་ང་ལ་བཟོད་སྒོམ་གནང་རོགས། ངས་གོང་དུ་བརྗོད་པ་ལྟར་གཞི་རྩའི་ལམ་ལུགས་ཀྱིས་བསམ་བློའི་ལྟ་གྲུབ་འདི་གཉིས་ཅུང་ཙམ་རིང་ལའང་མགོ་གནོན་པར་འདོད་ཀྱི་མེད་ཅིང༌། དངོས་ཡོད་ཀྱི་མཇུག་འབྲས་དག་དངོས་ཡོད་རིང་ལུགས་པ་ཞིག་གི་ལྟ་ཚུལ་གྱི་ཐོག་ནས་གླེང་བ་ཡིན། རྒྱ་གར་ནང་ང་ཚོས་ད་ལྟ་འགུལ་སྐྱོད་རིང་ལུགས་Activisimགྱི་ལྟ་གྲུབ་ཅིག་འདོད་ཀྱི་ཡོད། ང་ཚོ་ངེས་པར་དུ་ཤེས་སྟོབས་ཆེ་བའི་སྤྲོ་སྣང་རིང་ལུགས optimism་ཀྱིས་གཅུན་དགོས་ལ་ད་ལྟའི་དུས་ནང་ངེས་པར་དུ་འཚོ་གཞེས་གནང་སྟེ་ང་ཚོ་རང་ཉིད་དེང་རབས་ཀྱི་གནས་སྟངས་དང་གོམས་པར་འཇུག་དགོས།

ད་ནི་ང་ཚོ་འཇིག་རྟེན་གྱི་ཁེར་རྐྱང་གི་གྲུ་ཟུར་ཞིག་ཏུ་འཚོ་ཐུབ་ཀྱི་མ་རེད། གལ་ཏེ་རྒྱ་གར་ལ་རང་དབང་འཐོབ་ན། ཁོ་མོས་རང་གི་དེང་དུས་ཀྱི་དགྲ་བོ་རྣམས་ལ་དེང་དུས་ཀྱི་ཐབས་ལམ་སྟེ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཕྱོཊ་གཉིས་ནས་འཐབ་དགོས་པ་རེད། ཤིང་རྟའི་འཁོར་ལོའི་ལོ་ཟླ་་བཞུད་ཟིན་པ་རེད། གཏན་དུ་རྫོཊ་པ་རེད།

འཛམ་གླིང་ཁྱོན་ཡོངས་ནས་གོ་ལག་བསྡུ་ལེན་གྱི་སྲིད་བྱུས་ལྷག་བསམ་རྣམ་དག་གི་སྒོ་ནས་དང་ལེན་མ་བྱས་བར་དུ་རང་དབང་གི་འཛམ་གླིང་འདིས་མཇུག་འབྲས་གང་རུང་ལ་ངེས་པར་དུ་གྲ་སྒྲིག་བྱེད་དགོས་པ་རེད།

ང་ནི་དེང་དུས་ལ་བརྩོན་སེམས་ཆེ་དྲག་སྟེ་མཚར་སྡུག་གི་འོད་སྟོང་འཕྲོ་བའི་འདས་ཟིན་པ་བརྗེད་མཁན་གྱི་མི་བུ་དེ་ཚོའི་གྲས་མིན། ང་ཚོས་ངེས་པར་དུ་འདས་ཟིན་པ་དྲན་དགོས་པ་རེད། རྒྱ་གར་ལ་རང་ཉིད་ཀྱི་རིག་གཞུང་ཞིག་ཡོད། ཁོ་མོས་ངེས་པར་དུ་དེར་ཐུན་མིན་གྱི་ཐབས་ལམ་སྤྱད་དེ་མི་མཐུད་གོང་སྤེལ་དུ་གཏོང་དགོས། མཚན་ཉིད་རིག་པ་དང༌། རྩོམ་རིག སྒྱུ་རྩལ།ཚན་རིག་བཅས་ཕྱོགས་གང་ཐད་ནས་ང་ཚོས་འཛམ་བུ་གླིང་ལ་ལེཊ་སྐྱེས་གསར་བ་ཞིག་སྤྲོད་ཀྱི་ཡོད། དེ་ལ་འཛམ་བུ་གླིང་ནས་ཀྱང་འདུན་པ་དྲག་པོ་ངང་སྒུག་ནས་བསྡད་ཡོད་པ་རེད། མདོར་བསྡུས་ན། ང་ཚོ་ངེས་པར་དུ་ཕྱོགས་བསྡུས་ལ་བསླེབས་དགོས། ང་ཚོའི་ཕུལ་བྱུང་གི་བསམ་བློ་བ་དང་ལས་བཟོ་བ་འགའ་སྔོན་ཚུད་ནས་བྱ་གཞག་གལ་ཆེན་འདི་བསྒྲུབ་པར་འཇུག་ཡོད། ང་ཚོས་ཡིན་གཅིག་མིན་གཉིས་སྒོས་ཕྱོགས་གཅིག་ནས་"བེ་རྡརVedar་ལ་ཕྱིར་ལོག་པ་ཞེས་པའི་འབོད་སྒྲ་འདི་འགོག་དགོས་ལ་ཕྱོཊ་གཞན་ནས་དཔེ་གསར་དང་འགྱུར་ལྡོག་ལ་སྨོན་པའི་དེང་དུས་ཡོ་རོབ་ཀྱི་སྙིང་བོ་མེད་པའི་སྨྱོ་སེམས་དེ་འགོག་དགོས། ས་མཚམས་ངེས་ཅན་ཞིག་ནང་འཚོ་བའི་འགུལ་སྤྱོད་ལ་བཀག་སྡོམ་བྱེད་རྒྱུ་ནི་དཀའ་མོ་ཞིག་རེད། ཡིན་ཡང༌།སྔོན་བགྲོད་པ་དང་ལས་འགུལ་གྱི་དབུ་ཁྲིད་ཚོ་སྤྱི་ཡོངས་ནས་དྲང་ལམ་དུ་ཡོད་དུས་གཞན་དག་དུས་དང་བསྟུན་ཏེ་ཡང་དག་པའི་ལམ་དུ་འཇུག་ངེས་པ་རེད།

གྲོགས་པོ་རྣམ་པ།ང་ལ་ད་དུང་སྐད་ཆ་གཅིག་བརྗོད་རྒྱུ་ཡོད། ད་ལོའི་ལོ་འདི་ནི་ང་ཚོའི་ཆབ་སྲིད་ལས་འགུལ་གྱི་ལོ་རྒྱུས་ནང་གཅིག་པུ་མ་ཡིན་པར་རྒྱ་གར་གཞོན་ནུའི་ལས་འགུལ་གྱི་ལོ་རྒྱུས་ནང་གི་ལོ་རྒྱུས་ཀྱི་རྡོ་མཚམས་ཤིག་རེད། ངས་ཚོགས་འདུ་འདིས་རྒྱལ་ཁབ་འདིའི་གཞོན་ནུ་ཚོ་བློ་ཁོག་ཆེན་པོ་ངང་མགོ་ཁྲིད་ཐུབ་པའི་རེ་བ་དང་སྨོན་ལམ་འདེབས།

དེ་རིང་ཚོཊ་གཙོ་ཁོང་དགའ་བསུ་ཞུ་བར་ཕེབས་པར་ང་ཚོ་ཨ་བསོད་ཆེ་བ་བྱུང༌། བྷོམ་བྷེ
Bombay་ནས་ཕེབས་པའི་སྐུ་ངོ་ན་རེ་མན་ལ་མཚོན་ན་རྒྱལ་ཁབ་འདིའི་གཞོན་ནུ་ཚོ་ལ་ཆ་རྒྱུས་ཆེ་སྟབས་ངོ་སྤྲོད་ཞུ་དགོས་ཀྱི་ཡོད་པ་མ་རེད།

(སྤྱི་ལོ་༡༩༢༩ལོའི་ཟླ་༡༢པའི་ཚེས་༢༥ཉིན་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་གྲགས་ཅན་སུ་བྷ་ཥ་ཆན་རྡུ་རབྷོ་སུ་ཡིས་ས་གནས་ཀ་ལི་ཀ་ཏ་རུ་སྐབས་གསུམ་པའི་རྒྱ་གར་རྒྱལ་ཡོངས་གཞོན་ནུའི་ཚོགས་པ་ལ་གནང་བའི་གསུང་བཤད།)

No comments:

Post a Comment