Saturday, March 17, 2012


ནེ་ཙོ་ཞིག་གི་གཏམ་རྒྱུད།

ཐེ་ཀོར། མང་རའི་གངས་ཐིགས་ཀྱིས་བསྒྱུར།


འདི་ནི་རྩོམ་རིག་གི་དེད་དཔོན་ར་བཱིན་དྲ་ར་ན་ཐི་ཐེ་ཀོར་རམ་ཉི་དབང་མགོན་པོ་མཆོག་གིས་ད་ལྟའི་ཤེས་ཡོན་སློབ་གསོའི་ལག་ལེན་ཐད་ལ་མཛད་པའི་སྒྲུང་ཞིག་ཡིན།༽   
   

སྔོན་ཆད་ཅིག་ལ་བླུན་ཞིང་རྨོངས་བའི་བྱ་ཞིག་ཡོད། བྱ་དེས་གསུང་སྙན་སྒྲོགས་ཤེས་ཀྱི་ཡོད།  ཡིན་ཡང༌། དམ་པའི་གསུང་རབ་གཏན་ནས་སྦྱོར་ཀློག་བྱེད་ཤེས་ཀྱི་མེད། དེས་ཕྱོགས་གང་སར་འཕུར་མཆོངས་བརྒྱབ་ཀྱི་ཡོད།  ཡིན་ཡང༌། ཡ་རབས་ཀྱི་སྤྱོད་ཚུལ་ཅི་ཡང་ཤེས་ཀྱི་མེད། 

    
      རྒྱལ་པོས་རང་ཉིད་ལ་བརྗོད་དོན། "བླུན་རྨོངས་ནི་མཐར་ཐུག་རིན་ཐང་ཆེ། བླུན་པོ་ཚོས་གཞན་པ་ཚོ་བཞིན་ཟས་ནོར་ལ་ལོངས་སུ་སྤྱོད་ཀྱི་ཡོད་ནའང༌། ཚུར་གང་ཡང་སྤྲོད་ཀྱི་མེད།"
    
      ཁོང་གིས་རང་ཉིད་ཀྱི་ཚ་བོ་ཚོ་མདུན་དུ་སྐད་བཏང་བ་དང་བྱ་དེ་ལ་ངེས་པར་དུ་འཐུས་ཚང་ལྡན་པའི་ཤེས་ཡོན་སློབ་གསོ་ཞིག་སྤྲོད་དགོས་པར་གསུངས། 
    
      པཎ྄ཊི་ད་དག་དེ་སྔ་བཀའ་འགུག་གནང་བ་དང་འཕྲལ་དུ་རྩ་བའི་གནད་དོན་གླེང་འགོ་བརྩམས། ཁོང་ཚོས་བྱ་རྣམས་ཀྱི་བླུན་རྨོངས་ཀྱི་རྒྱུ་རྐྱེན་ནི་ལྷན་སྐྱེས་ཀྱིས་དབུལ་ཕོངས་ཀྱི་འཚོ་བའི་གོམས་གཤིས་ལ་ཐུག་ཡོད་པར་ཐག་བཅད། དེར་བརྟེན། པཎཊི་ད་ཚོའི་དགོངས་དོན་ལྟར་ན་བྱ་དེའི་ཤེས་ཡོན་སློབ་གསོའི་ཆེད་དུ་ཆེས་ཐོག་མར་སྒྲུབ་དགོས་པ་ནི་ཁོང་ལ་འོས་ཤིང་འཚམ་པའི་གཟེབ་ཞིག་བཟོ་དགོས་པ་དེ་རེད། 
    
      པཎཊི་ད་དག་གིས་སོ་སོའི་བྱ་དགའ་བླངས་རྗེས་དགའ་དགའ་སྤྲོ་སྤྲོའི་ངང་རང་ཡུལ་དུ་ཕྱིན།
     
     ཕྲ་ཐིང་ཐིང་གི་མཛེས་རྒྱན་སྤྲོས་པའི་གསེར་གཟེབ་ཅིག་བཟོས་ཡོད་ཅིང༌། མི་ཚོགས་མང་པོ་འཛམ་གླིང་ཡུལ་གྲུ་གང་ས་ནས་དེ་ལ་ལྟད་མོ་བལྟ་རུ་ཕེབས་ཡོད། 
    
        མི་འགའ་ཞིག་གིས་འདི་ལྟར་བརྗོད་དོན།"བྱ་ཞིག་བཙོན་འཇུག་བྱས་འདུག རིག་གཞུང་བདག་བཟུང་བྱས་འདུག"  ལ་ལ་དགའ་སྤྲོ་ཚད་མེད་ཀྱིས་ཁེངས་ཤིང༌། ལ་ལ་མིག་ཆུ་ཤང་ཤང་དུ་བཞུར། 
    
        ལྟད་མོ་བ་གཞན་དག་ཚོས་བརྗོད་དོན། "རིག་གཞུང་བརླག་ངེས་པའི་དབང་དུ་བཏང་ནའང་གསེར་གཟེབ་འདི་མགོ་ནས་མཇུག་བར་ལྷག་གི་རེད། འདི་ནི་དངོས་འབྲེལ་རེད། བྱ་འདིར་མཚོན་ན་ཇི་འདྲའི་བསོད་ནམས་ཅན་ཞིག་རེད་ཨང༌།"
    
       གསེར་བཟོ་བས་ཁོང་གི་ཨམ་ཕྲག་ནང་དངུལ་སྒོར་བརྒྱངས་བ་དང་བྱ་འཕུར་བ་ལྟར་རང་ཡུལ་གྱི་ཕྱོགས་སུ་བསྐྱོད་འགོ་བརྩམས། 
    
       པཎཊི་ད་མཆོག་ཁྲི་ཐོག་ཏུ་བཞུགས་ཏེ་བྱ་དེར་སློབ་ཁྲིད་གནང་འགོ་ཚུགས། བགྲོ་གླེང་གང་འཚམ་ཞིག་བྱས་རྗེས་རང་གི་བཞེས་ཐ་འཐེན་ཞོར་"ང་ཚོའི་དམིགས་ཡུལ་འགྲུབ་པར་ཀློག་དེབ་ཀྱི་གཏན་ནས་འདང་གི་མི་འདུག"ཟེར། 
    
       རྒྱལ་པོའི་ཚ་བོ་ཚོས་མ་དཔེ་བཤུ་མཁན་གྱི་མི་ཚོགས་ཧ་ཅང་མང་པོ་ཞིག་ཁྲིད་དེ་བསླེབས། ཁོང་ཚོས་དཔེ་ཆ་དག་ལས་གཙང་བཤུ་བརྒྱབས།  སླར་བཤུ་དེབ་དེ་དག་ལས་སླར་ཡང་པར་ཡང་བཤུ་བརྒྱབས། འདི་ལྟར་དཔེ་དེབ་བྲིས་མ་དག་རི་ལྟར་སྤུངས་ཡོད། 
   
      མི་རྣམས་ཧང་སངས་ཏེ་ཤབ་ཤུབ་ངང་་"ཨོའོ། རིག་གཞུང་གི་ལྕོག་མཁར་འདི་ཤིན་ཏུ་མཐོ་པོ་འདུག འདིའི་སྣེ་མོ་ཨ་སྔོན་དགོང་ལ་ཟུག་འདུག་ཨང༌།"ཞེས་ཟེར་གྱི་ཡོད། 
    
       པར་བཤུ་རྒྱག་མཁན་ཚོས་སོ་སོའི་ཨམ་ཕྲག་དག་ནང་དངུལ་གྱིས་བརྒྱངས་རྗེས་གདོང་ལ་འཛུམ་གྱིས་ཁེངས་ཤིང༌། སེམས་ལ་སྤྲོ་བས་ཁེངས་བཞིན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ནང་དུ་ཕྱིན། 
    
       ཚ་བོ་ཚོ་དེ་སྔ་གཟེབ་འདི་གཙང་རིལ་རིལ་བཟོ་ཆེད་གྲོག་མ་བཞིན་བྲེལ་འཚུབ་ཀྱིས་ཁེངས་ཡོད། 
    
       ཁོང་ཚོས་རྟག་ཏུ་གཟེབ་འདིར་འཕྱིད་བརྡར་རྒྱག་གི་ཡོད་སྟབས་དེའི་ངོས་སུ་འོད་ལམ་ལམ་འཕྲོ་བཞིན་ཡོད། མི་རྣམས་ཡིད་ཚིམ་པའི་ངང་བརྗོད་དོན། "འདི་ནི་དངོས་གནས་ཡར་རྒྱས་རེད།"
   
      གཟེབ་འདིའི་ཆེད་དུ་མི་ཧ་ཅང་མང་པོ་མང་པོ་ཞིག་ལས་བགོ་བྱས་ཡོད་ལ། ལྟ་རྟོག་པ་ཚོའི་གྲངས་འབོར་དེ་བས་མང༌། ཁོང་ཚོས་ཕྱོགས་མཐའ་ཁག་གི་སོ་སོའི་ཕ་མ་སྤུན་ཕྲུག་གི་བྱིས་པ་དག་བསྡུས་དེ་ཁོང་ཚོ་ལ་ཕོ་བྲང་ཞིག་བརྩིགས་ཡོད་པ་དང༌། དེའི་རྗེས་ཁོ་ཚོས་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ཏེ་འཚོ་བ་རོལ་བསྡད་ཡོད།
    
     གང་ལྟར་ཡང༌། འཇིག་རྟེན་འདིར་ཆད་ལྷག་མང་པོ་ཡོད་པ་ལས་གཅིག་ནི་སྐྱོན་འཚོལ་མཁན་གྱི་གཏན་ནས་ཕོངས་ཀྱིས་མེད་པ་དེ་ཡིན། ཁོང་ཚོས་"གཟེབ་འདི་ཡར་རྒྱས་འགྲོ་བཞིན་འདུག ཡིན་ཡང་ནེ་ཙོ་དེར་ཅི་ཞིག་འབྱུང་གི་ཡོད་མེད་སུས་ཀྱང་ཤེས་ཀྱི་མེད"ཅེས་བསྒྲགས། 
    
     སྐད་ཆ་འདི་རྒྱལ་་པོའི་སྙན་དབང་གི་བུ་གར་ལྷུང་རྗེས་ཁོང་གིས་རང་གི་ཚ་བོ་ཚོ་མདུན་དུ་བོས་ཏེ་བརྗོད་དོན། "མཛའ་བརྩེ་ལྡན་པའི་ཚ་བོ་རྣམ་པ། ང་ཚོས་གོ་བའི་སྐད་ཆ་འདི་ག་རེ་རེད།"
    
     ཚ་བོ་ཚོས་ཕྱིར་ལན་བསློགས་དོན། "ཀྱེ་རྒྱལ་པོ་རིན་པོ་ཆེ་ལགས། གལ་ཏེ་བདེན་དོན་ངོ་མ་དེ་རྟོགས་དགོས་ན། ང་ཚོས་གསེར་བཟོ་བ་དག་དང་པཎཊི་ད་རྣམ་པ། ད་དུང་པར་བཤུ་རྒྱག་མཁན་ཚོ་དང་ལྟ་རྟོག་པ་ཚང་མ་བདེན་དཔང་དུ་འཇོག་དགོས། སྐྱོན་འཚོལ་མཁན་ཚོར་སྐྱོན་མ་རག་པར་བསྡད་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་ནས་ཁོང་ཚོ་ཁ་ལྕེ་བདེ་བོ་ཆགས་ཡོད་པ་རེད།" 
   
      འགྲེལ་བཤད་དེ་དེ་སྔ་ཧ་ཅང་ཡིད་ཚིམ་པ་ཞིག་བྱུང་སྟབས་རྒྱལ་པོས་རང་གི་ཚ་བོ་རེ་རེ་ལ་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་ནོར་བུ་དག་བྱ་དགའ་རུ་བསྩལ།
    
      མཇུག་མཐར་རྒྱལ་པོས་ཁོང་གི་ཤེས་རིག་ལས་ཁུངས་ཀྱིས་ཇི་ལྟར་ནེ་ཙོ་ཆུང་ཆུང་དེར་སློབ་སྦྱོང་སྤྲོད་བཞིན་ཡོད་པ་རང་ཉིད་ཀྱིས་དངོས་སུ་གཟིགས་འདོད་སྐྱེས་ཏེ་སློབ་ཁང་ཆེན་མོ་རུ་གཟིགས་བསྐོར་དུ་ཕེབས་བར་ཐག་བཅད། 
    
      རྒྱལ་པོ་སྒོ་ཁར་ཕེབས་མ་ཐག་ཕྱོགས་ཡོངས་ནས་དུང་དང་མཁར་རྔ༌། རྐང་གླིང༌། དམག་དུང༌། རྒྱ་གླིང༌། སིལ་སྙན། རྔ༌། ཟངས་རྔ༌། ཊོམ་ཊོམ། ཁྲོལ་རྔ༌། གླིང་བུ། དམག་གླིང༌། རླུང་འབུད་རོལ་ཆ་དང་སྦུད་གླིང་བཅས་ཀྱི་སྒྲ་དབྱངས་ལྷང་ལྷང་གྲགས་ཀྱིན་ཡོད། པཎཊི་ད་དག་གིས་གསུང་ཤུགས་ཆེན་པོ་ཐོག་ནས་གཟུངས་སྔགས་གསུང་འགོ་བརྩམས་ཤིང༌། གཞན་གསེར་བཟོ་བ་དང་པར་བཤུ་རྒྱག་མཁན། ལྟ་རྟོག་པ་དང་ཁོང་ཚོའི་གཉེན་ཉེ་འདྲ་མིན་ཚོས་དགའ་བསུའི་འབོད་སྒྲ་ཤུགས་ཀྱིས་བསྒྲགས། 
    
       རྒྱལ་པོ་མཐོང་སྣང་དེར་ཐུགས་ཤིན་ཏུ་དགྱེས་ཏེ་ཕྱིར་ཕོ་བྲང་དུ་ཕེབས་གྲབས་བྱེད་སྐབས། ཤིང་ལྡུམ་གྱི་གསེབ་ནས་སྐྱོན་འཚོལ་མཁན་ཞིག་གིས་"ཀྱེ་མི་དབང་རིན་པོ་ཆེ། སྐུ་ཉིད་ཀྱིས་ནེ་ཙོ་དེ་གཟིགས་བྱུང་ངམ།" ཞེས་དྲིས། 
   
     "དངོས་གནས་མཐོང་མ་བྱུང༌།" རྒྱལ་པོས་གསུང་དོན། "ངོས་ཀྱིས་བྱ་དེར་གཟིགས་སྐོར་གནང་རྒྱུ་གཏན་ནས་བརྗེད་འདུག" 
    
    རྒྱལ་པོས་ཕྱིར་འཁོར་ཏེ་པཎཊི་ད་དག་ལ་ནེ་ཙོ་དེར་སློབ་སྦྱོང་གི་ཐབས་ལམ་ཅི་ཞིག་གནང་གི་ཡོད་མེད་དྲིས། 
   
      ཁོང་ལ་ཐབས་ལམ་བསྟན། དེས་རྒྱལ་པོ་ལ་བག་ཆགས་གཏིང་ཟབ་མོ་ཞིག་བཞག ཐབས་ལམ་དེ་ཤིན་ཏུ་ཡག་པོ་ཡོད་སྟབས་ནེ་ཙོ་དང་བསྡུར་ན་དེ་གལ་ཆེན་དུ་སྣང་གི་ཡོད། རྒྱལ་པོས་བཀོད་སྒྲིག་དེར་སྐྱོན་ཆ་མེད་པར་མཐོང་སྟེ་ཡིད་ཚིམ། བྱ་དེའི་རང་ངོས་ནས་ཞུ་གཏུགས་བྱེད་འགྲོ་བ་བློ་ཡིད་ལའང་དྲན་མི་སྲིད༌། གསེར་གཟེབ་ནང་དུ་རྒུམ་འབུ་དང་འཐུང་ཆུ་གང་ཡང་མཐོང་རྒྱུ་མེད་མོད། དེའི་ནང་དུ་དཔེ་ཆ་འདྲ་མིན་གང་སར་བཀྲམས་ཡོད། བྱ་དེའི་མགྲིན་པ་ཤོག་བུ་ཡིས་ཡོངས་སུ་བཀག་སྟེ་ད་ཆ་ཤབ་ཤུབ་དང་ཤུབ་སྒྲ་ཙམ་ཡང་འབྱིན་ཐུབ་ཀྱི་མེད། ཡིན་ཡང༌། མི་རྣམས་ལ་མཐོང་སྣང་སྙིང་རྗེ་བོ་ཞིག་བསྐྲུན་ཡོད། 
     
      རྒྱལ་པོ་གླིང་ཆེན་ལ་བཅིབས་ཏེ་རྒྱལ་སར་མ་ལོག་སྔོན་རང་གི་བློན་པོར་སྐྱོན་འཚོལ་མཁན་ལ་ཆད་པ་ལྗིད་མོ་ཞིག་གཅོད་དགོས་པའི་བཀའ་ཕེབས། 
      
     ད་ནི་ནེ་ཙོ་དེ་ཟུངས་ཁྲག་འཛད་པའི་མཐའ་མཚམས་སུ་སླེབས་ཡོད་ཅིང༌། དོན་དངོས་སུ་མི་དེ་ཚོ་འང་ཧ་ལས་བའི་ཡིད་ཚིམ་ཡོད། དེ་འདྲ་ཡིན་ནའང༌། ལྷན་སྐྱེས་ཀྱི་རང་བཞིན་དེ་སྐབས་རེར་སྦྱོང་བརྡར་ལས་རྒྱལ་གྱི་ཡོད། ཞོགས་པའི་ཉི་འོད་དེ་གསེར་གཟེབ་ནང་འཕྲོ་སྐབས། ནེ་ཙོ་དེས་མཚམས་རེར་སྐྱོན་འཚང་འབྲུ་བ་ལྟ་བུའི་ངང་ནས་གཤོག་པ་རྡེབ་རྡེབ་བྱེད་ཀྱི་ཡོད་ཅིང༌། ཡང་སྐབས་རེར་རང་གི་མཆུ་ཏོ་སྲབ་མོ་དེས་གཟེབ་ཀྱི་ལྕགས་ཧྲེང་ལ་སོ་རྒྱག་ཐབས་བྱེད་བཞིན་ཡོད། 
    
    "ཅི་འདྲའི་སྤྱོད་པ་ངན་པ་ལ།" སྐོར་སྲུང་བས་བརྗོད་དོན། 
     
     མགར་བས་ཐོ་བ་དང་བཞུ་ཐབ་འཁྱེར་ཏེ་རྒྱལ་པོའི་ཤེས་རིག་ལས་ཁུངས་ནང་ལ་བསླེབས། ཡུན་རིང་པོ་མ་འགོར་བར་ལྕགས་སྒྲོག་ཅིག་ཡོངས་སུ་བརྡུང་ཚར་ཡོད་ལ། ནེ་ཙོའི་གཤོག་པ་གཉིས་ཀའང་གཅོད་གཏུབ་བྱས་ཡོད།
   
       རྒྱལ་པོའི་ཚ་བོ་ཚོས་ཁ་ཕྱིར་ལ་འཁོར་ཏེ་མགོ་བོ་གཡུག་བཞིན་བརྗོད་དོན། "བྱ་འདི་ཚོར་བློ་རིག་མེད་པ་ཙམ་མ་ཟད། བཀའ་དྲིན་བསམ་ཤེས་ཀྱང་མི་འདུག" 
    
      པཎཊི་དས་ཕྱག་གཅིག་གི་ནང་ཀློག་དེབ་བཟུང་ཞིང༌། ཕྱག་ཡ་གཅིག་ནང་དབྱུག་པ་ཞིག་བསྣམས་ཏེ་བྱ་དེར་སློབ་ཁྲིད་ཅེས་པ་གནང་འགོ་ཚུགས། 
    
      སྐོར་སྲུང་བ་དེར་གཟབ་ནན་གྱི་སོ་ལྟ་བའི་མཆོལ་ལོ་གནངས་ཤིང༌། མགར་བ་དེར་ལྕགས་སྒྲོག་གི་ཕུལ་བྱུང་ལག་རྩལ་བའི་མཚན་སྙན་གནངས། 
    
       བྱ་དེ་ཡོངས་སུ་ཤི་ཚར་ཡོད།



No comments:

Post a Comment