Saturday, March 17, 2012



རུའུ་སེལ་དང་སློབ་ཆེན་སློབ་གསོ།

མང་རའི་གངས་ཐིགས་ཀྱིས་བསྒྱུར།

ཡོངས་གྲགས་སུ་འབྲིང་རིམ་སློབ་གསོ་དེ་བྱིས་པ་ཕོ་མོ་ཚང་མར་སྤྲོད་དགོས་པར་འདོད་ཀྱིན་ཡོད། ཡིན་ནའང༌། རུའུ་སེལ་མཆོག་གིས་སློབ་གྲྭ་ཆེན་མོའི་སློབ་གསོ་བྱིས་པ་ཚང་མར་སྤྲོད་དགོས་པར་དགོངས་ཀྱི་མེད། སློབ་གྲྭ་ཆེན་མོའི་སློབ་གསོ་ནི་དངོས་གནས་དྲང་གནས་ཀྱི་ནུས་པ་དང་འདུན་པ་ཡོད་མཁན་གྱི་སློབ་མ་ཁོ་ནར་སྤྲོད་དགོས།

སློབ་གྲྭ་ཆེན་མོ་དག་ཏུ་སློབ་མ་ཚོ་ཇི་ལྟར་བསྡུ་ལེན་བྱེད་དགོས་པ་ནི་དཀའ་ངལ་ཞིག་རེད། ད་ལྟའི་བར་དུ་སློབ་གྲྭ་ཆེན་མོ་དག་ཏུ་དཔལ་འབྱོར་ཡག་པོ་ཡོད་མཁན་གྱི་སློབ་མ་དེ་ཚོ་འཛུལ་ཞུགས་བྱེད་ཀྱི་ཡོད། ཡིན་ནའང༌། འདི་ནི་དྲང་པོ་དྲང་བཞག་ཅིག་ཆགས་ཀྱི་མེད་པ་འདྲ། སློབ་འཇུག་བྱེད་སྐབས་སློབ་མ་ཁོ་རང་ཚོའི་ནུས་པར་གཞིགས་ནས་བསྡུ་དགོས་པ་ལས་དཔལ་འབྱོར་གྱི་གནས་སྟངས་གཞིར་བཞག་སྟེ་ཞུགས་བྱེད་དུ་འཇུག་མི་རུང༌།

སློབ་མ་མ་བསྡུ་གོང་དུ་ང་ཚོས་སློབ་གྲྭ་ཆེན་མོའི་སློབ་གསོའི་དམིགས་ཡུལ་དག་ཧ་གོ་དགོས། གང་ཡིན་ཞེ་ན། དེས་ཡང་དག་པའི་ཐག་གཅོད་ཅིག་བྱེད་པར་ཕན་ཐོགས་སྲིད། རུའུ་སེལ་མཆོག་གི་དགོངས་དོན་ལྟར་ན། སློབ་གྲ་ཆེན་མོའི་སློབ་གསོ་ལ་གཤམ་གསལ་དམིགས་ཡུལ་གཉིས་ཡོད་དེ། དང་པོ། སློབ་མ་ཚོར་ལས་རིགས་འདྲ་མིན་ཐད་སྦྱོང་བརྡར་སྤྲོད་པ། གཉིས་པ། ཤེས་བྱ་དང་ཉམས་ཞིབ་ཀྱི་ནུས་པ་རྒྱ་ཇེ་ཆེར་གཏོང་བའོ།།

གོང་གསལ་གྱི་དམིགས་ཡུལ་དག་གཞིར་བཞག་པའི་ཐོག་ནས་སློབ་མ་འཛུལ་ཞུགས་ཀྱི་ལམ་ལུགས་ཤིག་ལ་བསམ་གཞིགས་གནང་སྐབས་ང་ཚོས་སྤྱི་བསྡོམས་ཤིག་རྒྱག་ཐུབ་པ་ནི་སློབ་གྲ་ྭ་ཆེན་མོའི་ནང་དུ་མཐོ་རིམ་སློབ་གྲ་ྭ་འགྲིམས་པའི་འཇོན་ཐང་ཡོད་མཁན་དང་ཉམས་ཞིབ་ཀྱི་ལས་ཀ་བྱེད་ཐུབ་པའི་བྱིས་པ་ཕོ་མོ་ཁོ་ན་འཛུལ་ཞུགས་བྱེད་དགོས་ཞེས་པ་འདིའོ།།

བྱིས་པ་ཕོ་མོ་དག་གི་ནུས་པ་རྨང་གཞི་བྱས་པའི་ཐོག་ནས་སློབ་གྲ་ྭ་ཆེན་མོར་སློབ་འཇུག་བྱེད་དུ་འཇུག་པ་ནི་རྩ་དོན་ལེགས་པོ་ཞིག་རེད། ཡིན་ནའང༌། དེ་ལག་ལེན་བསྟར་རྒྱུ་ལས་སླ་བོ་མ་རེད། དཔེར་ན། སློབ་མ་ཞིག་ལས་རིགས་འདྲ་མིན་ཏེ་སྨན་དང་ཁྲིམས་ལུགས་སློབ་གཉེར་ཁང་དུ་འཛུལ་ཞུགས་བྱེད་པའི་ནུས་པ་ཡོད་ནའང་ཁོང་གི་དཔལ་འབྱོར་གནས་སྟངས་ཡག་པོ་མེད་སྲིད། འདི་ལྟ་བུའི་སློབ་བུ་ལ་སློབ་གྲ་ྭ་ཆེན་མོའི་སློབ་གསོ་ལས་ཁེ་ཕན་འཐོབ་ཐུབ་ཀྱི་མེད། ཕྱོགས་གཅིག་ནས་ལས་རིགས་འདི་ཚོའི་ནང་སྦྱོང་བརྡར་ཐོབ་པར་སློབ་ཡོན་ཧ་ཅང་མཐོ་བོ་རེད། ཡང་ཕྱོགས་གཞན་ཞིག་ནས་གལ་ཏེ་སྦྱོང་བརྡར་ཐོབ་པ་ཡིན་ན་འཕྲལ་དུ་ཁེ་ཕན་ཞིག་འཐོབ་པའི་གོ་སྐབས་ཡོད་པ་རེད། ཉམས་ཞིབ་ཀྱི་ལས་ཀ་ལའང་འདི་ལྟར་བརྗོད་ཆོག་པ་རེད། གོ་སྐབས་དེ་འདྲ་ཐོབ་པར་བརྟེན་ནས་སློབ་གསོ་འདི་ཁྱིམ་ཚང་ཕྱུག་པོ་ཡིན་མཁན་གྱི་སློབ་མའམ་ཡང་ན་ཉམས་ཞིབ་ཀྱི་ལས་རིགས་འདིར་འཇུག་བཞིན་པའི་ཕ་མ་དེ་དག་གི་བུ་ཕྲུག་དེ་ཚོ་ཁོ་ནར་ཐོབ་ཀྱིན་ཡོད། དབུལ་ཕོངས་ཀྱིས་བྱིས་པ་ཚོར་སློབ་གསོ་འདི་འཐོབ་པར་འགོག་རྐྱེན་བྱེད་དུ་འཇུག་མི་རུང༌། འདིར་ང་ཚོས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས། བྱིས་པ་ཁོང་ལ་དཔལ་འབྱོར་དང་ཐབས་ལམ་ཡོད་སྲིད་མོད། ཡིན་ནའང༌། གལ་ཏེ་ཁོང་ལ་སློབ་གསོ་འདི་ཐོབ་པར་དགའ་སྣང་དང་འདུན་པ་མེད་ན་ཁོང་ལ་སློབ་ཆེན་སློབ་གསོ་ཐོབ་འོས་པའི་ཆ་འཇོག་བྱེད་མི་རུང༌། རིགས་རྒྱུད་ཀྱི་རང་གཤིས་དང་དཔལ་འབྱོར་གྱི་གནས་སྟངས་དག་ནི་བྱིས་པ་རང་ཉིད་ཀྱི་ནུས་འཇོན་དང་དགའ་སྣང༌། སྐྱེས་ཐོབ་ཀྱི་ཤེས་རབ་བཅས་ལ་བསྡུར་ན་རིམ་པ་གཉིས་པ་རེད། སློབ་གྲ་ྭ་ཆེན་མོའི་སློབ་གསོ་སྤྲོད་པར་རིགས་རྒྱུད་ཀྱི་རང་གཤིས་དང་དཔལ་འབྱོར་གྱི་གནས་བབ་དག་སྣང་མེད་དུ་གཏོང་ཆོག དོན་དངོས་སུ་སློབ་ཆེན་སློབ་གསོ་འདི་ནུས་པ་ཡོད་མཁན་གྱི་བྱིས་པ་ཚོའི་ཐོབ་ཐང་ཞིག་ཏུ་བརྩི་དགོས་པ་ལས་ཁྱིམ་ཚང་ཕྱུག་པོ་དག་གི་བུ་ཕྲུག་ཚོ་ཁོ་ནའི་དམིགས་བསལ་གྱི་ཁེ་དབང་ཞིག་ཏུ་བརྩི་མི་རུང༌། སློབ་འཇུག་མ་བྱས་གོང་དུ་བྱིས་པ་དེར་བརྟག་དཔྱད་གནང་དགོས། གལ་ཏེ་ཁོང་གིས་སློབ་གསོ་འདི་ཐོབ་པའི་ནུས་པ་ཡོད་པར་ར་སྤྲོད་བྱེད་མ་ཐུབ་པ་ཡིན་ན། ཁོང་སློབ་གྲ་ྭ་ཆེན་མོར་འཛུལ་ཞུགས་བྱེད་དུ་འཇུག་མི་རུང༌། སློབ་ཆེན་དུ་འཛུལ་ཞུགས་བྱས་ཡོད་ཀྱང༌། གལ་ཏེ་ཁོང་གིས་འོས་འགན་དང་སྒྲུབ་ཀྱིན་མེད་ཅིང༌། དགེ་རྒན་དག་གི་རེ་བ་སྐོང་ཐུབ་ཀྱི་མེད་པ་ཡིན་ན། ཁོང་སློབ་གྲ་ྭ་ཆེན་མོ་རུ་སྡོད་དུ་འཇུག་མི་རུང༌། སློབ་གྲ་ྭ་ཆེན་མོ་ནི་ཧུར་བརྩོན་ཅན་དང་སྡུག་རུས་ཅན། སྤྱང་གྲུང་དོད་པོ་ཅན་གྱི་སློབ་མ་ཚོའི་སློབ་གཉེར་བྱེད་སའི་བསྟི་གནས་ཤིག་ཡིན་པ་ལས་སྒྱིད་ལུག་ཅན་དང་བརྩོན་འགྲུས་མེད་པའི་སློབ་མ་ཚོའི་སྡོད་ས་ཞིག་ག་ལ་ཡིན། སྤྱི་ཚོགས་དང་སྲིད་གཞུང་གཉིས་ཀྱིས་ཁ་ཕྱོགས་འདིའི་ཕྱོགས་སུ་སྙིང་ཐག་པ་ནས་བློས་གཏོང་བྱེད་པའི་གྲ་སྒྲིག་ཨང་གསར་ཡོད་ན། ད་གཟོད། ནུས་པ་ཡོད་མཁན་གྱི་བྱིས་པ་ཚོས་སློབ་ཆེན་སློབ་གསོ་ལས་ཁེ་ཕན་ལེན་ཐུབ་ཀྱི་ཡོད། དགེ་སློབ་གང་ཡིན་རུང་དཔལ་འབྱོར་གྱི་སེམས་ཁྲལ་ཡོད་མི་རུང༌།

སློབ་གྲ་ྭཆེན་མོ་རུ་འབད་བརྩོན་ཅན་དང་ནུས་པ་ཡོད་མཁན་གྱི་སློབ་མ་ཁོ་ན་འཛུལ་ཞུགས་བྱེད་དུ་འཇུག་དགོས། ཡིན་ནའང༌། སློབ་མ་ཞིག་གི་ནུས་པ་དང་འབད་བརྩོན་གྱི་ཚད་གཞི་ཅི་ཞིག་གིས་འཇལ་དགོས་པ་རེད། རྩོམ་ཡིག་གི་ལམ་ནས་ཡིག་རྒྱུགས་ལེན་པའི་རིགས་དེ་འདྲ་དར་ཁྱབ་ཆེ་ནའང༌། དེ་ནི་དེའི་ཚད་གཞི་བྱེད་མི་ཐུབ། འདིའི་ཆེད་དུ་ང་ཚོས་ངེས་པར་དུ་སློབ་གྲ་ྭ་ཆེན་མོའི་བྱ་བ་སྒྲུབ་སྟངས་ཡར་རྒྱས་སུ་གཏོང་དགོས། མི་སྒེར་གྱི་རང་གཤིས་དང་དགའ་སྣང༌། ནུས་པ། འདི་དག་ཡོད་ཚད་ལ་བསམ་ཞིབ་གནང་དགོས། ཡིན་ནའང༌། སློབ་གྲ་ྭ་ཆེན་མོའི་སློབ་ཁྲིད་བྱེད་སྟངས་ཡར་རྒྱས་སུ་མ་བཏང་བ་ཡིན་ན། བསམ་ཚུལ་འདི་མངོན་འགྱུར་བྱེད་མི་ཐུབ། འདིའི་ཐད་ལ་རུའུ་སེལ་མཆོག་གིས་དགེ་རྒན་ཚོས་སློབ་འགོ་བརྩམས་མ་ཐག་སློབ་མ་ཚོས་དཔེ་དེབ་རིགས་གཉིས་ཀློག་དགོས་པར་མཛུབ་སྟོན་གནང་དགོས་པའི་དགོངས་ཚུལ་གསུངས་ཡོད། དཔེ་དེབ་རིགས་གཅིག་གིས་སློབ་མ་ཡོངས་རྫོགས་ལ་དགོས་ངེས་ཀྱི་ཤེས་བྱ་དག་སྦྱིན་དགོས། དཔེ་དེབ་རིགས་གཞན་པ་དེས་སློབ་མ་སྒེར་རང་ཉིད་ཀྱི་དགའ་སྣང་དང་འདུན་པ་དྲག་པོ་དེ་སྐོང་དགོས། དགེ་རྒན་ཚོས་དེང་རབས་ཉམས་ཞིབ་ཀྱི་ཤེས་བྱ་གཞིར་བཞག་པའི་ཐོག་ནས་སློབ་མ་ཁྱོན་ཡོངས་དང་མི་སྒེར་བ་དག་ལ་ལམ་སྟོན་གནང་ནས་ཁོང་ཚོའི་དཀའ་ངལ་དག་སེལ་དགོས། སློབ་སྦྱོང་གི་ནུས་པ་དང་ཤེས་བྱ་ཐོབ་ཡོད་མེད་ལ་བལྟ་ཆེད། དགེ་རྒན་ཚོས་རྒྱུགས་ཤོག་བཟོ་སྐབས་སྤྱང་གྲུང་དོད་པོའི་ཐོག་ནས་དཔེ་དེབ་སྦྱངས་ཡོད་མཁན་གྱི་སློབ་བུ་ཚོས་མ་གཏོགས་ལེན་འདེབས་མི་ཐུབ་པ་ཞིག་བཟོ་དགོས། འདི་ལྟར་བགྱིས་པ་ཡིན་ན་དགེ་རྒན་གྱིས་སློབ་མ་ཚོའི་ནུས་པ་དང་ངལ་རྩོལ་མཁྱེན་ཐུབ་ཀྱི་ཡོད། རུའུ་སེལ་མཆོག་གི་དགོངས་དོན་ལྟར་ན། ཐབས་ལམ་འདི་ཡིས་སློབ་མ་སུ་ཞིག་སྒྱིད་ལུག་ཡིན་པ་དང་སུ་ཞིག་ཧུར་བརྩོན་ཅན་དང་དོན་གཉེར་ཅན། འཇོན་ཐང་ཅན་ཡིན་པ་གཏན་ལ་འབེབ་ཐུབ་ཀྱི་ཡོད།

གལ་ཏེ་དགེ་རྒན་གྱིས་ཁོང་རང་ཉིད་ལ་ཞིབ་འཇུག་བྱེད་ཀྱི་མེད་པའི་སྟེང་རང་གི་ཤེས་བྱའི་སྒྲོན་མེ་མུ་མཐུད་དུ་མ་སྦར་བ་ཡིན་ན། ཁོང་གིས་ཇི་ལྟར་རང་གི་སློབ་མ་ཚོའི་ཤེས་བྱའི་མེ་ལྕེ་དེ་མེ་རུ་སྒྲོན་ཐུབ་བམ། དེར་བརྟེན། སློབ་ཁྲིད་ལ་སྤྲོ་སྣང་ཡོད་མཁན་དང་སྤྱང་གྲུང་དོད་པོའི་ཐོག་ནས་སློབ་གཉེར་གནང་མཁན་གྱི་དགེ་རྒན་དེ་ཚོ་ཉམས་ཞིབ་ཀྱི་བྱ་གཞག་ལ་དགའ་སྣང་ཡོད་ཅིང་འཛམ་བུ་གླིང་འདིའི་སྐོར་ལ་ཤེས་འདོད་ཀྱི་འདུན་པ་ཧ་ཅང་དྲག་པོ་ཡོད། ཁོང་ཚོ་ནི་ཧུར་བརྩོན་ཅན་ཡིན་ལ་སློབ་གསོའི་ཡར་རྒྱས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བྱེད་པར་གྲ་སྒྲིག་ཡོད། སློབ་གྲ་ྭ་ཆེན་མོ་དག་ཏུ་འདི་ལྟ་བུའི་དགེ་རྒན་རིགས་བསྐོ་བཞག་བྱེད་དགོས། ཡིན་ནའང༌། འདི་ལྟ་བུའི་དགེ་རྒན་ཚོ་དཔལ་འབྱོར་གྱི་སེམས་ཁྲལ་དག་ལས་བཅིངས་གྲོལ་ཐོབ་པར་བྱེད་དགོས་ཤིང༌། འདང་ངེས་ཀྱི་ལས་རིགས་སྣ་མིན་ཡོད་དགོས། ད་དུང་སྤྱི་ཚོགས་ནང་དུ་ཆེ་མཐོང་དང་བརྩི་བཀུར་ཡོད་དགོས།

རུའུ་སེལ་མཆོག་གི་དགོངས་ཚུལ་ལྟར་ན་སློབ་གྲ་ྭ་ཆེན་མོའི་དགེ་རྒན་ཚོ་རང་གི་སློབ་ཚན་གྱི་ཤེས་བྱ་གོང་འཕེལ་གཏོང་ཆེད་ཕྱི་རྒྱལ་ཁབ་ཁག་ཏུ་སློབ་གཉེར་ལ་འགྲོ་བའི་གོ་སྐབས་འབུལ་དགོས། ཁོང་གིས་ཕྱི་རྒྱལ་ཁབ་ཁག་དུ་འདོན་བཞིན་པའི་ཉམས་ཞིབ་གསར་བ་དག་གི་སྐོར་ལ་རྒྱུས་མངའ་བྱེད་ཐུབ་དགོས། ཨ་མེ་རི་ཁའི་སློབ་གྲ་ྭ་ཆེན་མོ་དག་གིས་གོ་སྐབས་འདི་འདྲ་མཁོ་སྤྲོད་གནང་གི་ཡོད། འོན་ཀྱང༌། ཡུ་རོབ་སློབ་གྲ་ྭ་ཆེན་མོ་དག་ལ་འདི་ལྟ་བུའི་གོ་སྒྲིག་མེད། རུའུ་སེལ་མཆོག་གིས་དེའི་རྒྱུ་མཚན་ནི་ཁོང་ཚོར་བསམ་བློའི་ཁེངས་དྲེགས་ཡོད་པས་ཡིན་པ་དང་དེ་ནི་ཁོང་ཚོའི་ཕྱོགས་ཀྱི་ནོར་འཁྲུལ་ཞིག་ཡིན་པར་བཞེད།

སློབ་གྲ་ྭ་ཆེན་མོ་དག་ཏུ་མི་ཁ་ཤས་ཤིག་གིས་ཉམས་ཞིབ་ཀྱི་ལས་ཀ་ནི་གལ་འགངས་ཅན་ཞིག་ཏུ་བརྩི་བཞིན་ཡོད་ལ། ལ་ལ་ཞིག་གིས་སློབ་ཁྲིད་ཀྱི་བྱ་བཞག་དེ་གལ་ཆེན་དུ་བགྲང་གིན་ཡོད། འདིའི་རྒྱུ་མཚན་ནི་གཤམ་གསལ་དོན་ཚན་གཉིས་ཡིན་པའི་ཆ་བཞག་ཆོག
༡ ང་ཚོས་སློབ་ཁྲིད་ཐད་ལ་ནོར་འཁྲུལ་གྱི་ལྟ་ཚུལ་འཛིན་གྱི་ཡོད་པ།
༢ སློབ་གྲ་ྭ་ཆེན་མོ་དག་ཏུ་རིན་ཐང་མེད་པའི་སློབ་མ་ཕོ་མོ་ཡོད་པས་སོ།།

དེང་སྐབས་ཀྱི་ང་ཚོའི་སློབ་གྲ་ྭ་ཆེན་མོ་དག་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་དག་ལས་ཐར་གྱིན་མེད། ང་ཚོས་ངེས་པར་དུ་ཐབས་ལམ་དེ་དག་ཡར་རྒྱས་སུ་གཏོང་དགོས། འདི་ཡར་རྒྱས་གཏོང་ཆེད་ང་ཚོས་སློབ་མ་ཚོས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པའི་སྐུལ་འདེད་གཏོང་དགོས་ཤིང༌། སློབ་སྦྱོང་ལ་དོན་གཉེར་མི་བྱེད་མཁན་དང་་སྒྱིད་ལུག་ཅན། རིན་ཐང་མེད་པའི་སློབ་མ་ཚོ་སློབ་གྲ་ྭ་ཆེན་མོ་དག་ལས་རྩ་མེད་བཟོ་དགོས། དགེ་རྒན་ཚོས་དུས་རྟག་པར་སློབ་ཁྲིད་ལ་བྲེལ་བྲེལ་འཚུབ་འཚུབ་གནང་དགོས་པར་འདོད་པ་ནི་ལེགས་པོ་མ་རེད། དགེ་རྒན་ཚོ་ལའང་ཉམས་ཞིབ་ཀྱི་ཕྱག་ལས་གནང་བར་གོ་སྐབས་དང་མཐུན་རྐྱེན་ཆ་ཚང་ཡོད་དགོས།

སློབ་གྲ་ྭ་ཆེན་མོ་དག་གི་མཐར་ཐུག་དམིགས་ཡུལ་ནི་ཉམས་ཞིབ་ཀྱི་བྱ་བ་སྒྲུབ་དགོས་པ་དེ་རེད། དེར་བརྟེན། སློབ་གྲ་ྭ་ཆེན་མོ་དག་ལ་ཉམས་ཞིབ་ཀྱི་བཟོ་གྲ་ྭ་ཞེས་བཏགས་ཆོག གལ་ཏེ་སློབ་གྲ་ྭ་ཆེན་མོ་དག་གིས་ཉམས་ཞིབ་ཅེས་པའི་ཐ་སྙད་ཀྱི་དངོས་ཡོད་བསྟན་དོན་ལྟར་ཉམས་ཞིབ་ཀྱི་འགན་འཁྲི་འདི་སྒྲུབ་ཐུབ་ཀྱི་མེད་ན་དེ་ཚོ་ལ་སློབ་གྲ་ྭ་ཆེན་མོ་ཞེས་པའི་མཚན་བྱང་འདི་གཏན་ནས་འབོད་མི་འོས། ཉམས་ཞིབ་ཀྱི་གལ་ཆེན་རང་བཞིན་ལ་རྣམ་པ་གང་གི་འོག་ནས་ཀྱང་སྣང་ཆུང་དུ་ཁྱོན་ནས་གཏོང་མི་རུང༌། དེང་སྐབས་ཀྱི་ཉམས་ཞིབ་བང་མཛོད་ནང་དུ་ཡར་རྒྱས་ཅི་ཞིག་བྱུང་ཡང་དེ་ནི་ཤེས་བྱ་གསར་བ་ལ་མུ་མཐུད་ཞིབ་འཇུག་བྱས་པ་ལ་བརྟེན་ནས་བྱུང་བ་རེད། གལ་ཏེ་ཤེས་བྱ་གསར་བ་ཐོབ་པར་འབད་འབུངས་མ་བྱས་བ་ཡིན་ན། འཛམ་བུ་གླིང་གི་ཡར་རྒྱས་ཀྱི་གོམ་སྟབས་འདི་མཚམས་ཆད་ཀྱི་རེད། རུའུ་སེལ་མཆོག་གིས་འདི་ལ་བརྟེན་ནས་འཛམ་བུ་གླིང་འདིའི་ཡར་རྒྱས་ཀྱི་ཆེད་དང་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་དོན་དུ་ཉམས་ཞིབ་ཀྱི་བྱ་གཞག་འདི་ཧ་ཅང་གལ་ཆེན་དུ་དགོངས་ཡོད། སློབ་གྲ་ྭ་ཆེན་མོ་དག་གིས་ཉམས་ཞིབ་ཀྱི་བྱ་བའི་འགན་འཁྲི་འདི་ཕྲག་སྟེང་དུ་ལེན་དགོས་སོ།།

སྤྱི་ཚོགས་རིག་གནས་དང་མཚན་ཉིད་རིག་པ་རྨང་གཞིར་བྱས་པའི་སློབ་གསོ་ཞེས་པའི་དཔེ་དེབ་ལས་བདམས་ཏེ་བསྒྱུར།
 

No comments:

Post a Comment