Saturday, March 17, 2012


བཅོས་བསྒྱུར། གསར་བརྗེ། ངོ་ལོག

ཨོ་ཤོ། མང་རའི་གངས་ཐིགས་ཀྱིས་བསྒྱུར།

འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་ནི་དུས་རིམ་གསུམ་བརྒྱུད་ཡོད། དེ་དག་ནི་བཅོས་བསྒྱུར་དང་གསར་བརྗེ། ངོ་ལོག་བཅས་ཡིན། བཅོས་བསྒྱུར་ནི་ཆེས་ཚད་མཐོ་བའི་ཕྱི་ངོས་ཀྱི་རྣམ་པ་ཡིན། དེ་ཡིས་ཕྱི་ངོས་ལ་རེག་པ་ཙམ་དང་ཕྱིའི་པགས་པའི་རིམ་པ་ཙམ་ལས་གཏན་ནས་བརྒལ་གྱི་མེད། དེ་ཡིས་འགྲོ་བ་མིའི་གྱོན་གོས་ཙམ་དང་ཡ་རབས་ཀྱི་ངང་ཚུལ་ཙམ་ལས་འགྱུར་བ་གཏོང་གི་མེད། དེ་ཡིས་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ལ་འགྱུར་བ་མི་གཏོང་བར་ཕྱི་རོལ་གྱི་སྤྱོད་པ་ལ་བཟོ་བཅོས་བྱེད་ཀྱི་ཡོད། དེ་ཡིས་མི་རྣམས་ལ་ཚོན་རྩི་གཏོང་གི་ཡོད། འོད་མདངས་འཕྲོ་རུ་འཇུག་གི་ཡོད། སྤྱོད་ལམ་ནི་དཔལ་ཡོན་ཞིག་རེད། ཡིན་ཡང༌། ཁོང་ཚོའི་ནང་སེམས་ཀྱི་བསམ་བློ་སྔོན་བཞིན་བསྡད་ཡོད། དེ་ནི་འཁྲུལ་སྣང་ཞིག་རེད། དེ་ནི་རྟོག་བཟོ་ཞིག་རེད། དེ་ཡིས་ཡ་རབས་ཀྱི་གོམས་གཤིས་འཇག་འཇུག་གི་ཡོད། ཡིན་ཡང༌། མི་བུ་རེ་རེ་ཚུལ་འཆོས་ཅན་ནམ་རྫུ་བག་ཅན་དུ་བཟོ་གི་ཡོད། དེ་ཡིས་ཡ་རབས་བཟང་སྤྱོད་ཅན་བཟོ་གི་ཡོད། འོན་ཀྱང༌། ཡ་རབས་ཀྱི་སྤྱོད་པ་འདི་ཡིས་མི་བུའི་ནང་སྙིང་ངམ་བླ་སྲོག་ལ་རྒྱབ་འགལ་བྱེད་ཀྱི་ཡོད། མི་བུའི་ནང་སྙིང་ལ་ཐ་ན་གོ་རྟེོགས་ཅི་ཡང་མེད། ཡིན་ཡང༌། སྤྱི་ཚོགས་ལ་མཚོན་ན། དེ་ཡིས་ཞི་འཇམ་ཞིག་གསར་སྐྲུན་བྱེད་ཀྱི་ཡོད།

བཅོས་བསྒྱུར་གྱིས་འཇམ་སྣུམ་ལྟ་བུའི་བྱེད་ལས་གནང་གི་ཡོད། དེ་ཡིས་སྔར་ཡོད་གནས་བབ་རྒྱུན་འཛིན་བྱེད་ཀྱི་ཡོད། དེར་ལྟོས་ན་སྔ་ཚིག་ཕྱི་འགལ་གྱི་གཏམ་ཞིག་རེད། རྒྱུ་མཚན་ནི། བཅོས་བསྒྱུར་མཁན་གྱིས་ཁོང་གིས་སྤྱི་ཚོགས་ལ་འགྱུར་བ་གཏོང་གི་ཡོད་ཅེས་བརྗོད་ཀྱི་ཡོད། ཡིན་ཡང༌། དོན་དངོས་སུ་ཁོས་སྒྲུབ་བཞིན་པ་ནི་སྤྱི་ཚོགས་རྙིང་པར་ཚོན་མདོག་གསར་བ་གཏོང་གི་ཡོད་པ་དེ་ཡིན། སྤྱི་ཚོགས་རྙིང་པ་དེ་ཁ་དོག་རྙིང་པ་དང་ལྷན་དུ་ཡུན་རིང་སྡོད་ཐུབ་ཀྱི་མེད། དེ་ལས་སྤྱི་ཚོགས་རྙིང་པ་དེ་ཁ་དོག་གསར་བའི་ནང་ལས་སླ་བོར་འཚོ་སྡོད་བྱེད་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་རྙིང་པ་དེ་སྔ་རུལ་འགྲོ་ཡི་ཡོད། བཅོས་བསྒྱུར་ནི་བཟོ་བཅོས་ཀྱི་རིགས་ཤིག་ཡིན། དཔེར་ན། སྡོད་ཁང་ས་ལ་འགྱེལ་འགྲོ་ཡི་ཡོད། གདུང་འདེགས་ཀ་བ་དག་ཐང་ལ་ལོག་འགྲོ་བཞིན་ཡོད། ཁང་པའི་རྨང་གཞི་དག་གཡོ་འགུལ་བྱེད་ཀྱི་ཡོད། ཁྱེད་སོང་སྟེ་དེ་ལ་གཞོག་འདེགས་གསར་བ་ཞིག་གནང་གི་ཡོད་པ་ལྟ་བུ་རེད། ཁྱེད་ཀྱིས་ཁང་པ་དེ་དུས་ཡུན་ཅུང་ཙམ་རིང་ས་ལ་མི་འགྱེལ་བའི་རྒྱུན་འཛིན་བྱེད་ཐུབ་ཀྱི་ཡོད། མདོར་ན། བཅོས་བསྒྱུར་ནི་སྔར་ཡོད་གོམས་སྲོལ་སྟེ་དེ་ཡིས་འདས་ཟིན་པ་ལ་ཞབས་འདེགས་ཞུ་གིན་ཡོད་པ་ལས་མ་འོངས་བ་མིན།

གཉིས་པ་ནི་གསར་བརྗེ་རེད། འདི་ཅུང་ཙམ་གཏིང་ཟབ་ཏུ་འགྲོ་ཡི་ཡོད། བཅོས་བསྒྱུར་གྱིས་བསམ་བློའི་འཆར་སྒོ་གཅིག་པུར་འགྱུར་བ་གཏོང་གི་ཡོད། ཡིན་ཡང༌། སྲིད་བྱུས་དག་འགྱུར་བ་གཏོང་གི་མེད། གསར་བརྗེ་ཡིས་སྒྲོམ་གཞི་ཡི་ཕྱི་ངོས་ཙམ་ལ་རེག་གི་ཡོད། ཡིན་ཡང༌། ནང་རོལ་ལ་མིན།

མི་ལ་ངོས་གཉིས་ཡོད་ཅིང༌། གྲུབ་ཆ་གཉིས་ཀྱི་སྟེང་འཚོ་སྡོད་བྱེད་ཀྱི་ཡོད། གཅིག་ནི་ཕྱིའི་རྣམ་པའི་ཆ་དང་ཅིག་ཤོས་ནི་ནང་སེམས་ཀྱི་ཆ་དེ་ཡིན། གསར་བརྗེ་ཡིས་ཕྱིའི་རྣམ་པ་གཅིག་པུ་སྟེ་དཔལ་འབྱོར་དང་ཆབ་སྲིད་ལ་འགྱུར་བ་གཏོང་གི་ཡོད། གསར་བརྗེ་དེ་བཅོས་བསྒྱུར་ལ་ལྟོས་ན་ཅུང་ཙམ་གཏིང་ཟབ་ཏུ་ཕྱིན་ཏེ་དངོས་པོ་རྙིང་པ་མང་པོ་གཏོར་བརླགས་སུ་གཏོང་གི་ཡོད། དེ་མ་ཟད། གསར་བ་མང་པོ་ཞིག་གསར་སྐྲུན་བྱེད་ཀྱི་ཡོད། ཡིན་ཡང༌། མི་བུའི་ཆེས་ནང་སྙིང་གི་བསམ་བློ་དེ་ད་དུང་འང་སྔར་བཞིན་འགྱུར་བ་མེད་པར་བསྡད་ཡོད། དེ་ཡིས་ཀུན་སྤྱོད་དང་གཤིས་ཀ་གསར་སྐྲུན་བྱེད་ཀྱི་ཡོད། བཅོས་བསྒྱུར་གྱིས་ལུགས་སྲོལ་དང་ཡ་རབས་ཀྱི་སྤྱོད་པ། དཔལ་ཡོན་བཅས་གསར་སྐྲུན་བྱེད་བཞིན་མི་རྣམས་ཀྱི་ཕྱི་ཚུལ་གྱི་རྣམ་པ་འགྱུར་བ་གཏོང་གི་ཡོད། གསར་བརྗེ་ཡིས་མི་རྣམས་ཀྱི་ཕྱི་ངོས་ཀྱི་གྲུབ་ཆ་དེར་དངོས་སུ་འགྱུར་བ་གཏོང་གི་ཡོད། དེ་མ་ཟད། སྒྲོམ་གཞི་གསར་བ་ཞིག་འཁྱེར་ཡོང་གི་ཡོད། འོན་ཀྱང༌། མི་བུ་རང་ཉིད་ཀྱི་ནང་སེམས་ཀྱི་འཆར་བཀོད་དང་བསམ་བློའི་འདུ་ཤེས་ལ་ད་དུང་རེག་ཐུབ་ཀྱི་མེད། དེའི་སྟེང༌། ཁ་བྲལ་ཞིག་གསར་སྐྲུན་བྱེད་ཀྱི་ཡོད།

དང་པོ་བཅོས་བསྒྱུར་གྱིས་ཚུལ་འཆོས་ཅན་བཟོ་ཡི་ཡོད། གཉིས་པ་གསར་བརྗེ་ཡིས་སེམས་ཁམས་འཆོལ་བའི་ན་ཚ་བཟོ་ཡི་ཡོད་ལ་དེས་མི་བུ་རང་ཉིད་གཅིག་ཏུ་བཟོ་མི་ནུས་པ་བྱེད་ཀྱི་ཡོད། དེའི་ཕྱིར། མི་བུ་རང་ཉིད་རྣམ་པ་གཉིས་སུ་གྱེས་འགོ་ཚུགས་ཀྱི་ཡོད་ཅིང༌། འབྲེལ་ལམ་ཟམ་པ་དེ་ཆགས་སྐྱོན་བཏང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་གསར་བརྗེ་བ་དག་གིས་རྣམ་ཤེས་མི་མཐུད་དུ་ཁས་ལེན་བྱེད་ཀྱི་མེད། མ་ཁི་སི་དང་ཨིན་ཀི་སི། ལེ་ཉིན་དང་སི་ཏ་ལིན། མའོ་ཙེ་ཏུང་བཅས་ཀྱིས་རྣམ་ཤེས་ལ་ཁས་ལེན་བྱས་མེད། ཁོང་ཚོས་དེ་ལྟར་མི་བྱེད་ག་མེད་རེད། ཁོ་ཚོས་ངོས་ལེན་བྱེད་ཐུབ་ཀྱི་མ་རེད། ཅིའི་ཕྱིར་ཞེ་ན། གལ་ཏེ་ཁོང་ཚོས་ངོས་ལེན་བྱས་ཡོད་ན། དེའི་རྗེས་ཁོང་ཚོའི་གསར་བརྗེ་ཧྲིལ་པོ་ཆེས་ཕྱི་ངོས་ཀྱི་རྣམ་པ་ཙམ་དུ་ཆག་འགྲོ་ཡི་རེད། དེ་ལྟར་ཡིན་ན། ཁོང་ཚོའི་གསར་བརྗེ་ནི་ཆ་ཚང་ཞིག་མིན་པ་རེད།

བཅོས་བསྒྱུར་མཁན་གྱིས་རྣམ་ཤེས་ལ་ཁས་ལེན་བྱེད་ཀྱི་ཡོད། རྒྱུ་མཚན་ནི། དེས་ཁོང་ལ་དཀའ་ངལ་བཟོ་ཡི་མ་རེད་ལ། ཁོས་གནད་དོན་དེ་གཏན་ནས་གླེང་སློང་བྱེད་ཀྱི་མ་རེད། གནད་དོན་དེ་ནི་དཀའ་ངལ་ཞིག་མིན་པས་སོ། གྷན་ངྷིས་དང་མཱ་ནོ་རྣམ་གཉིས་ཀྱིས་རྣམ་ཤེས་ལ་ཁས་ལེན་བྱེད་ཀྱི་ཡོད་པ་རེད། ཁོང་གཉིས་ཀ་བཅོས་བསྒྱུར་བ་རེད། ཁོང་ཚོས་གནད་དོན་གང་རུང་ལ་མིན་ཞེས་གཏན་ནས་བཤད་ཀྱི་མ་རེད། ཁོང་ཚོ་ནི་ལགས་ཡིན་ཟེར་མཁན་གྱི་མི་བུ་སྤྱོད་བཟང་ཅན་དག་རེད། གལ་ཏེ་ངེས་པར་དུ་དེ་ཁས་ལེན་བྱེད་མ་དགོས་ན་ཁོ་ཚོས་བྱ་བ་ག་རེ་ཡིན་ནའང་དགག་བཞག་བྱེད་ཀྱི་མ་རེད། ཁོང་ཚོས་དེ་ལྟར་མི་བྱེད་རང་བྱེད་རེད། དེ་མིན་ཁོང་ཚོའི་གསར་བརྗེ་ཆ་ཤས་ཙམ་དུ་མཐོང་གི་རེད།
གསུམ་པ་ནི་ངོ་ལོག་རེད། ངོ་ལོག་གིས་ནང་སེམས་ཀྱི་འདུ་ཤེས་ལ་འགྱུར་བ་གཏོང་གི་རེད། དེ་ནི་གཞི་རྩ་དང་ངོ་བོ་འགྱུར་བ་གཏོང་བའི་གསེར་འགྱུར་གྱི་རྩི་སྦྱོར་རེད། དེ་ཡིས་ཁྱེད་ལ་གཟུགས་པོ་གསར་པ་ཙམ་དང་གྱོན་ཆས་གསར་པ་ཙམ་སྤྲོད་པ་མ་རེད། དེ་ཡིས་མི་བུ་གསར་པ་ཞིག་བཞེངས་སྐྲུན་བྱེད་ཀྱི་ཡོད།

ནང་སེམས་འདུ་ཤེས་ཀྱི་ལོ་རྒྱུས་ནང་བསམ་བློ་བ་རིགས་གསུམ་ཡོད་པ་སྟེ། བཅོས་བསྒྱུར་བ་དང་གསར་བརྗེ་བ། ངོ་ལོག་པ་བཅས་ཡིན། མཱ་ནོ་དང་མོ་སེ་སི།་ གྷན་ངྷི་བཅས་ནི་བཅོས་བསྒྱུར་བ་རེད། འདི་ནི་ཆེས་ཚད་མཐོ་བའི་ཕྱི་ཚུལ་གྱི་རྣམ་པ་ཡིན། རྗོན་རྦད་ཕུ་ཊེ་སི། མ་ཁུ་སི། ཧཕུ་རོ་སྒྲི་བཅས་ནི་གསར་བརྗེ་བ་རེད། བཅོམ་ལྡན་འདས་དང་རྗའེ་སོ་སུ། ཁུ་རེ་ཧྲི་ན་མོ་ཊེ་བཅས་ནི་ངོ་ལོག་པ་རེད།

ངོ་ལོག་རྟོགས་དགོས་ན་ཆོས་ལུགས་ཀྱི་སྙིང་དོན་ཧ་གོ་དགོས། ཆོས་ལུགས་ནི་ངོ་ལོག་ཡིན། ཆོས་ལུགས་ནི་མཐར་ཐུག་གི་འགྱུར་བ་ཡིན། ཆོས་ལུགས་ནི་འདས་པ་ཡི་རྒྱུན་གཅོད་དང༌། མ་འོངས་པའི་འགོ་འཛུགས་ཡིན། ཆོས་ལུགས་ནི་རྙིང་པ་ཡོངས་སུ་འདོར་བྱེད་ཡིན། རྒྱུན་འཛིན་བྱེད་དགོས་པའི་བྱ་དངོས་ཅི་ཡང་མེད། ཅིའི་ཕྱིར་ཞེ་ན། གལ་ཏེ་གང་རུང་ཞིག་རྒྱུད་འཛིན་བྱེད་ཀྱི་ཡོད་ན་དེ་ཡིས་རྙིང་པ་གསོན་དུ་འཇུག་གི་ཡོད།

བཅོས་བསྒྱུར་གྱིས་ཚོན་རྩི་གཏོང་གི་ཡོད། གསར་བརྗེ་ཡིས་སྒྲོམ་གཞི་རྙིང་པའི་ཕྱི་ཚུལ་ལ་གཏོར་བརླག་གཏོང་གི་ཡོད། ཡིན་ཡང༌། ནང་སེམས་ཀྱི་སྒྲོམ་གཞི་ད་དུང་རང་སོར་གནས་ཡོད། སོ་ཝེཊི་ རཱ་ཤི་ཡ་དང་རྒྱ་ནག་ནང་མིའི་ཤེས་པ Inner man ད་དུང་རང་འཇགས་སུ་ལྷག་ཡོད། དེ་ལ་ཁྱད་པར་ཏིལ་འབྲུ་ཙམ་ཡང་འབྱུང་གི་མེད། ཨ་རི་འམ་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་དག་ནང་བཞིན་བསམ་བློ་གཅིག་པ་འདུག འདོད་རྔམ་གཅིག་པ་འདུག་ དམིགས་ཡུལ་གཅིག་པ་འདུག བདག་འཛིན་གྱི་བློ་གཅིག་པ་འདུག བསམ་བློ་དེར་ཁྱད་པར་ཅི་ཡང་འབྱུང་མེད། ཡིན་ཡང༌། སྤྱི་ཚོགས་ཀྱི་སྒྲོམ་གཞི་ཡི་ཕྱི་ཚུལ་འགྱུར་བ་ཐེབས་ཡོད། རྩ་ཁྲིམས་དང་སྲིད་གཞུང༌། དཔལ་འབྱོར་དང་ཆབ་སྲིད་བཅས་ཀྱི་སྒྲོམ་གཞི་ཡི་ཕྱི་ཚུལ་ལ་འགྱུར་བ་བཏང་ཡོད། ནམ་ཞིག་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཏེ་ཉེན་རྟོག་པའི་དཔུང་ཚོགས་ཕྱིར་འཐེན་གནང་བ་ཡིན་ན། མི་རྣམས་ཕྱིར་རང་རང་གི་སྒྲོམ་གཞི་རྙིང་པ་དེར་ལྷུང་བར་བྱ་ངེས་ཡིན། རཱ་ཤི་ཡ་ཡི་སྤྱི་ཚོགས་དྲག་དཔུང་གཅིག་པུས་སྟངས་འཛིན་བྱེད་ནུས་བ་ལས་མང་གཙོའི་གཞུང་ཞིག་ཆགས་མི་ཐུབ། རྒྱུ་མཚན་ནི། མི་དམངས་རྣམས་གལ་ཏེ་རང་དབང་ལ་ལོངས་སྤྱད་དུ་བཅུག་ན་ཁོ་ཚོས་སོ་སོའི་མིའི་ཤེས་པ་དེ་རང་རང་གི་འཚོ་བའི་ནང་འཁྱེར་ཡོང་བར་ངེས། དེ་ནི་ཡུལ་དེར་ཡོད་པའི་དངོས་ཡོད་གནས་ཚུལ་རེད། མི་དམངས་ཚོར་སྔོན་འགོག་དང་འགོག་རྐྱེན་བཟོ་ཡི་ཡོད། དེར་བརྟེན། ཁོང་ཚོ་རང་རང་གི་ནང་ལོགས་ཀྱི་ཤེས་པ་དང་ལྷན་དུ་སྡོད་ཐུབ་ཀྱི་མེད། ཁོང་ཚོ་གཞུང་གིས་ག་རེ་བཤད་པ་བཞིན་འཚོ་དགོས་པ་ལས་སོ་སོའི་ནང་སེམས་ཀྱི་འདུན་པ་ལྟར་འཚོ་ཐུབ་ཀྱི་མེད།

དེ་བཞིན་དུ་དམར་ཕྱོགས་རིང་ལུགས་རྩ་བའི་ཆ་ནས་སྲིད་དབང་སྒེར་གཅོད་རིང་ལུགས་རེད། དེ་མ་འོངས་པར་དེ་ལྟར་སྡོད་ཀྱི་རེད། ཅིའི་ཕྱིར་ཞེ་ན། གལ་ཏེ་མི་རྣམས་ལ་རང་དབང་སྤྲད་པ་ཡིན་ན། དུས་རྒྱུན་ཁོ་ཚོ་སོ་སོའི་ནང་སེམས་ཀྱི་འདུ་ཤེས་ནང་ཡོད་པའི་འདོད་རྔམ་དང་དམིགས་ཡུལ་བཅས་ཀྱིས་ཡང་བསྐྱར་ལས་འགོ་བསླང་ཡོང་བསམ་པའི་ཞེད་སྣང་དེ་ཡོད་པ་རེད་ལ། ཕྱུག་པོ་དང་དབུལ་བོ། སྟོབས་ལྡན་དང་ནུས་མེད་བར་ཕན་ཚུན་བཤུ་གཞོག་བྱེད་པ་དང༌། ཁོ་ཚོས་སོ་སོའི་དམིགས་ཡུལ་ཆེད་འཐབ་འཛིངས་བྱེད་པའི་འགོ་འཛུགས་བྱེད་ཀྱི་རེད་ཅེས་བསམ་གྱི་ཡོད་པ་རེད། རཱ་ཤི་ཡ་ནས་སྟོབས་ཤུགས་ཡོད་མཁན་ཚོས་ད་ལྟའང་དེ་བཞིན་གཅིག་པ་བྱེད་བཞིན་ཡོད། ཁུ་རོ་ཞི་ཆེ་ཝུ་ཡིས་ཁོང་གི་རླངས་འཁོར་དག་ལ་འུད་ཤོད་བྱེད་པར་གོམས་ཡོད། རྒྱུ་མཚན་ནི་ཁོང་ལ་མང་པོ་ཡོད་པའི་རྐྱེན་རེད། རཱ་ཤི་ཡ་ནང་མི་ཚང་མས་དེ་འདྲ་འདོད་ཀྱི་ཡོད་ཀྱང་གཞན་སུ་ཞིག་ལའང་དབང་ཐུབ་ཀྱི་མེད། དེ་ནི་ཏག་ཏག་བཙན་ཤེད་རེད། དོན་དངོས་ཀྱི་གསར་བརྗེ་མ་རེད།

བཅོས་བསྒྱུར་ལ་ཁྱེད་ཀྱི་ཕྱོགས་ནས་མང་པོ་དགོས་ཀྱི་མེད། དེ་ཡིས་ཁྱེད་ཀྱི་མདུན་སྒོ་ཏག་ཏག་མཛེས་སྡུག་ལྡན་པ་ཞིག་བཟོ་བར་བྱེད་ཅིང༌། སྡོད་ཁང་ཧྲིལ་པོ་བཙོག་པ་འདུག་བཅུག་རོགས་ཞེས་བརྗོད་ཀྱི་ཡོད། ཁྱེད་རང་བཙོག་པ་ནང་བསྡད་ཡོད་པ་རེད། ཡིན་ཡང༌། ཁྱིམ་མཚེས་ཚོར་ཁྱེད་ཀྱི་བཙོག་པ་ལྟ་རུ་འཇུག་གིན་མེད། ཏག་ཏག་མདུན་ལོགས་ཀྱི་སྒོ་ཕིབས་མཛེས་ཤིང་སྡུག་པ་ཡིན་དགོས། རྒྱུ་མཚན་ནི་ཁྱེད་ཀྱི་ཁྱིམ་མཚེས་དག་ཁྱོད་ཀྱི་ནང་སེམས་ཀྱི་ཤེས་པ་དང་ཁྱོད་ཀྱི་ནང་སེམས་ཀྱི་སྡོད་ཁང་ལ་དགའ་སྣང་སྐྱེས་གིན་མེད། ཁོང་ཚོ་ཕྱི་ལོགས་བརྒྱུད་དེ་འགྲོ་ཡི་ཡོད་པ་དང་ཁོ་ཚོས་མདུན་ལོགས་ཀྱི་སྒོ་གཅིག་པུར་མ་གཏོགས་ལྟ་ཡི་མེད། དེར་བརྟེན། མདུན་ལོགས་ཀྱི་སྒོ་མོ་དེ་ཁྱིམ་མཚེས་ཚོར་བལྟ་སའི་སྒེའུ་ཁུང་ཞིག ཁང་པའི་མདུན་ངོས་ཤིག ངོམ་སོ་བྱེད་སའི་ཤེལ་སྒྲོམ་ཞིག་ཏུ་འགྱུར་གྱི་ཡོད༌། ཁྱེད་རང་དོན་དངོས་སུ་རང་གི་སྒོ་རྒྱབ་ཏུ་སྡོད་ཀྱི་ཡོད་པ་ལས་སྒོ་མདུན་དུ་སྡོད་ཀྱི་མེད། མདུན་ལོཊ་ཀྱི་སྒོ་མོ་རྫུན་མ་དེ་ཏག་ཏག་དེ་རུ་ཡོད། ཁྱེད་རང་གཏན་ནས་དེ་བརྒྱུད་དེ་ནང་ལ་ཡོང་གི་མེད་ལ་དེ་ནས་ཕྱི་ལོགས་སུ་འང་རྦད་དེ་ཐོན་གྱི་མེད། དེ་ཏག་ཏག་མི་གཞན་གྱིས་མཐོང་བའི་ཆེད་དུ་དེར་ཡོད།

ཁྱེད་རང་གི་མདུན་ཕྱོགས་ཀྱི་སྒོ་མོ་དག་ལ་ལྟ་རོགས་མཛོད་དང༌། མི་ཚང་མ་ལའང་དེ་དག་ཡོད་པ་རེད། སྒོ་མོ་དེ་དག་ལ་ངོ་གདོང་ཟེར་གྱི་ཡོད། གདོང་འབག་ཟེར་གྱི་ཡོད། སྐྱེ་བོ་བྱེ་བྲག་གི་ཁྱད་ཆོས་ཟེར་གྱི་ཡོད། གང་ཡིན་ཞེ་ན། ཁོ་ཚོ་ནི་མཐོང་ཆོས་ཀྱི་རྣམ་འགྱུར་ཡིན་ཏེ་མཆུ་ཚོན་དང་བྱུགས་རྫས་དག་གིས་ཁྱེད་ལ་མཐོང་ཆོས་ཀྱི་རྣམ་འགྱུར་ཞིག་སྐྲུན་གྱི་ཡོད༌། ཡིན་ཡང༌། ཁྱེད་རང་དེ་དག་མིན། དེ་ནི་གདོང་གི་བྱུགས་རྫས་ཡིན་ནོ།།

གསར་བརྗེ་ཅུང་ཙམ་ཞིག་གཏིང་ཟབ་ཏུ་འགྲོ་གི་ཡོད། དེ་ཡིས་ཁྱེད་ཀྱི་ཐུག་འཕྲད་ཁང་འགྱུར་བ་གཏོང་གི་ཡོད། དེ་ལྟར་བྱས་ན་ཁྱོད་ཀྱིས་མི་རྣམས་རང་གི་སྣེ་ལེན་ཁང་དུ་མགྲོན་འབོད་ཞུ་ཆོག་པ་རེད། རྒྱ་གར་ནང་ནམ་རྒྱུན་དེ་འདྲ་འབྱུང་གི་ཡོད། རྒྱ་གར་ནང་མི་ཚང་རེའི་སྣེ་ལེན་ཁང་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་ཡིན། ཡིན་ཡང༌། དེ་དེ་ལས་རྒྱང་རིང་དུ་བརྒལ་མེད། མི་དམངས་ཚོའི་ཐབ་ཚང་དག་ཧ་ཅང་བཙོག་པ་དང་སྐྱུག་བྲོ་བ་ཡོད་ལ། ཁོང་ཚོའི་འཁྲུས་ཁང་དག་ཀྱང་ཕལ་ཆེར་དེ་འདྲ་ལས་གཞན་ཡིན་མི་སྲིད། ཡིན་ཡང༌། རྒྱ་གར་ནང་སུས་ཀྱང་ཐབ་ཚང་དང་འཁྲུས་ཁང་ལ་གཙང་སྦྲ་མི་བྱེད། ཁོ་ཚོས་བདག་གཅེས་བཅའ་ས་གཅིག་པུ་ནི་སྣེ་ལེན་ཁང་ཡིན། དེ་རུ་ཁོང་ཚོས་རང་གི་མགྲོན་པོ་དག་ལ་ངོ་མཇལ་གནང་གི་ཡོད།

འདི་ནི་ནོར་འཁྲུལ་རེད། དེ་ཡིས་ཁྱེད་ངོ་མ་དེར་རེག་གི་མེད། ཡིན་ཡང༌། དེ་ཡིས་ཁྱེད་ཀྱི་མཚན་སྙན་རྒྱུད་འཛིན་བྱེད་ཀྱི་ཡོད། དེ་ནི་ཀུན་སྤྱོད་ཟེར་བ་དེ་ག་རེ་ཡིན་པ་དེ་ཡིན་ཏེ། ཀུན་སྤྱོད་ནི་མཛེས་སྡུག་ལྡན་པའི་སྣེ་ལེན་ཁང་ལྟ་བུ་ཞིག་ཡིན། གལ་ཏེ་ཁྱེད་ཀྱིས་འགྲོ་གྲོན་གཏོང་ཐུབ་ཀྱི་ཡོད་ན། ཁྱེད་ཀྱིས་རང་གི་སྣེ་ལེན་ཁང་ནང་ཕེ་ཁ་སའོ་རི་མོ་སྦྱར་ཆོག་གི་རེད། དེ་ནི་ཁྱེད་ཀྱིས་ག་ཚད་ཅིག་འགྲོ་གྲོན་གཏོང་ཐུབ་མིན་ལ་རག་ལས་ཡོད།
ཡ་རབས་བཟང་སྤྱོད་ཀྱང་འདིའི་བར་དུ་རེད། དེ་ལས་བརྒལ་ན་ཁ་ཐུར་དུ་འགྱེལ་བའམ་མེད་པར་འགྱུར་འགྲོ་གི་རེད། མི་རེ་རེར་རང་གི་རིན་ཐང་རེ་ཡོད། ཡ་རབས་ཀྱི་མི་བུ་ལ་རང་གི་རིན་ཐང་ཞིག་ཡོད། ཁྱེད་ཀྱིས་ཁྱོད་རང་ཉིད་ལ་ལྟོས་དང༌། གལ་ཏེ་ཁྱེད་རང་སྲང་ལམ་སྟེང་འགྲོ་བཞིན་པའི་སྐབས་ཧིན་སྒོར་ཆིག་སྟོང་བརྙེད་པ་ཡིན་ན། ཁྱེད་ཀྱིས་ཕལ་ཆེར་དེ་དག་ལེན་གྱི་མ་རེད། ཡིན་ཡང༌། དེ་རུ་ཁྱེད་ཀྱིས་ཧིན་སྒོར་གཅིག་ཁྲི་བརྙེད་ན། དེའི་རྗེས་ཁྱེད་ཀྱིས་འདི་འཁྱེར་ངེས་སམ་མི་ངེས་ཞེས་ཐེ་ཚོམ་སྐྱེས་ཀྱི་རེད། འོན་ཀྱང༌། ཁྱེད་ཀྱིས་ཧིན་སྒོར་འབུམ་གཅིག་བརྙེད་པ་ཡིན་ན། སྐབས་དེར་ཁྱེད་ལ་ཐེ་ཚོམ་ཅི་ཡང་མེད་པར་འཁྱེར་འགྲོ་གི་རེད། འདི་ཡིས་ཁྱེད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་གཏིང་ཟབ་ཚད་དང་མི་བུ་རེ་རེ་ལ་རང་རང་གི་རིན་ཐང་ཞིག་ཡོད་པ་སྟོན་གྱི་ཡོད་པ་རེད། ཁྱེད་ཀྱིས་དེ་ཙམ་གཅིག་པུ་ཚོད་འཛིན་བྱེད་ཐུབ་ཀྱི་རེད། དེ་ལས་བརྒལ་ན་ཀུན་སྤྱོད་ཀྱིས་ཚོད་འཛིན་བྱེད་རྒྱུ་ཁེག་པོ་རེད། དེ་རྗེས་ཁྱེད་ཀྱིས་མ་རབས་སམ་ཚུལ་མིན་གྱི་ལམ་ཁ་འདེམས་ཀྱི་རེད།

ཡ་རབས་སྤྱོད་བཟང་གི་མི་བུ་དེ་ནི་ཡ་རབས་སྤྱོད་བཟང་ཅན་ཡོངས་སུ་རྫོགས་པ་ཞིག་མིན། ཁོང་གི་ཐོག་རིམ་པ་ཉུང་ཤས་ཤིག་ལ་བཟང་སྤྱོད་ཀྱི་ཆ་ཡོད་ནའང༌། དེ་ལས་བརྒལ་བའི་ན་ཚུལ་འཆོས་ཀྱིས་སྒུག་ཡོད། དེའི་སྟབས་ཀྱིས་ཁྱེད་ཀྱིས་ཀུན་སྤྱོད་ལེགས་པའི་མི་ཞིག་ལས་སླ་བོར་མ་རབས་ཀྱི་ལམ་དུ་འགོད་ནུས། གནད་དོན་གཅིག་རང་ལྷག་ཡོད་པ་ནི་ཁྱེད་ཀྱིས་ཁོང་གི་རིན་ཐང་ངེས་པར་དུ་རྟོགས་དགོས་པ་དེ་རེད།

ངས་དེ་སྔ་མཱོ་ལ་ནཱ་སི་རོ་རྡིན་ཁོང་མེ་འཁོར་རིམ་པ་དང་པོའི་ཁང་པ་ཞིག་གི་ནང་བུད་མེད་ཞིག་དང་ལྷན་དུ་འགྲུལ་བཞུད་བྱེད་བཞིན་ཡོད་པའི་སྐོར་ཐོས་མྱོང༌། དེའི་ནང་ཁོང་གཉིས་ཀ་གཅིག་པུ་ཡིན། ཁོས་རང་ཉིད་ངོ་སྤྲོད་བྱས་རྗེས་བརྗོད་དོན།
ཁྱེད་རང་དོ་ནུབ་ང་དང་ལྷན་དུ་ཉལ་ན་ཆོག་གམ། བུད་མེད་དེ་དེ་སྔ་ཧ་ཅང་ཁོང་ཁྲོ་ལངས་ཏེ་ན་རེ། ཁྱེད་རང་གིས་ང་ག་རེ་རེད་བསམ་གྱི་འདུག ཁྱེད་སྨྱོས་པ་རེད་དམ། ཁྱེད་ཀྱིས་ང་ག་རེ་རེད་བསམ་གྱི་ཡོད། ང་གཤང་འཚོང་མ་ཞིག་མ་རེད་དཱ།
མོའ་ལཱ་ཡིས་ངས་ཁྱེད་ལ་ཧིན་སྒོར་གཅིག་ཁྲི་སྟེར་ཆོག
བུད་མེད་དེས་འཛུམ་དམུལ་དམུལ་བྱེད་འགོ་བཙུགས། དེ་རྗེས་ཁོང་གི་ཉེ་སར་བཅར་ཏེ་མོ་ལཱ་ཡི་ལག་པར་འཐམས། དེ་རྗེས་མོ་ལཱ་ཡིས་བརྗོད་དོན།ཧིན་སྒོར་བཅུ་ཕྱིན་ན་ག་འདྲ་འདུག་
བུད་མེད་དེས་བརྗོད་རྒྱུར།ཁྱེད་ཀྱིས་ང་ག་རེ་རེད་བསམ་གྱི་ཡོད!
མོ་ལཱ་ཡིས་ངས་ཁྱེད་ག་འདྲ་ཡིན་མིན་ཤེས་ཡོད། ད་ལྟ་ངེད་གཉིས་རིན་གོང་སྒང་ལ་རྩེག་རྩེག་བྱེད་ཀྱི་ཡོད་པ་རེད།

དེ་ནི་རྟག་ཏུརིན་གོངགི་དྲི་བ་ཞིག་རེད། ཧིན་སྒོར་བཅུ་སྤྲད་ན་མོ་རང་ཁོང་ཁྲོ་ཟ་བཞིན་འདུག་ ཧིན་སྒོར་གཅིག་ཁྲི་སྤྲད་ན་མོ་རང་ལ་འདོད་པ་འདུག་ ཁྱེད་རང་ཁོ་མོ་ལ་གད་མོ་མ་ཤོར་རོགས། འདི་ནི་མི་ཚང་མའི་གནས་སྟངས་རེད། ཀུན་སྤྱོད་ཀྱིས་མི་བུ་ཁྱེད་ཉིད་འགྱུར་ལྡོག་གཏོང་གི་མ་རེད། དེ་ཉིད་བཅོས་བསྒྱུར་ལས་གཏིང་ཟབ་ཏུ་འགྲོ་གི་ཡོད། དེ་ལ་རིན་གོང་ཅུང་ཙམ་ཆེན་པོ་ཞིག་ཡོད་པ་རེད། ཡིན་ནའང༌། ཁྱེད་ཀྱི་སེམས་པའི་ནང་སྙིང་དེ་ད་དུང་འང་སྔོན་བཞིན་རང་འཇགས་སུ་བསྡད་ཡོད།
བཅོས་བསྒྱུར་ནི་གསར་བརྗེ་ཆ་མི་ཚང་བ་ཞིག་རེད། གསར་བརྗེ་ནི་ཕྱི་ཚུལ་གྱི་གསར་བརྗེ་རེད། ངོ་ལོག་ནི་ནང་སེམས་ཀྱི་གསར་བརྗེ་རེད། ནང་སེམས་ལ་གསར་བརྗེ་བྱུང་ན། ད་གཟོད་བློ་གཏད་ཆོག་པ་ཞིག་རེད། དེ་མིན་རེ་ལྟོས་བྱེད་མི་ནུས། བཅོས་བསྒྱུར་གྱིས་ཁྱེད་ཉིད་ཚུལ་འཆོས་ཅན་ཞིག་བཟོ་གི་རེད། གསར་བརྗེ་ཡིས་ཁྱེད་ཉིད་སེམས་ཁམས་འཆོལ་བ་ཞིག་ཏུ་བཟོ་གི་རེད། ངོ་ལོག་གཅིག་པུས་ཁྱེད་ཉིད་རང་བཞིན་ཚང་བ། འཕྲོད་བསྟེན་ཚང་བ། མི་བུ་འཐུས་ཚང་ཅན་ཞིག བསམ་བློ་འཐུས་ཚང་ཅན་ཞིག་ཏུ་བཟོ་གི་རེད།

བཅོས་བསྒྱུར་གྱིས་ཁྱེད་ཉིད་བཀུར་འོས་མི་སྣ་ཞིག་ཏུ་བཟོ་ཡི་རེད། གལ་ཏེ་ཁྱེད་རང་བརྩི་བཀུར་ལ་རེ་སྒུག་བྱེད་མཁན་ཞིག་ཡིན་ན། བཅོས་བསྒྱུར་ནི་ཁྱེད་ལ་འདང་ངེས་ཡིན། དེ་ཡིས་ཁྱེད་ལ་འགྱིག་ཤོག་གི་རང་གཤིས་ཤིག་གནང་གི་རེད། ཕྱི་ལོག་ནས་བལྟས་ན་ཁྱེད་རང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་གྱི་ཡོད། ནང་ལོགས་ནས་ཁྱེད་རང་རུལ་འགྲོ་གི་ཡོད་པ་རེད་ལ། དྲི་ངན་ཐུལ་ལུ་ལུ་ཁྱབ་ཀྱི་ཡོད། ཡིན་ཡང༌། སུས་ཀྱང་ཁྱེད་ཀྱི་དྲི་ངན་དེ་སྣོམ་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་འགྱིག་ཤོག་གི་རང་གཤིས་དེས་ཁྱེད་ལ་སྲུང་སྐྱོབ་བྱ་ཡི་ཡོད། ཁྱེད་ཀྱི་ནང་ལོགས་ཇེ་བཙོག་ནས་ཇེ་བཙོག་ཏུ་འགྲོ་ཡི་ཡོད། འོན་ཀྱང༌། ཁྱེད་ཀྱི་ཕྱི་ལོགས་ལ་ངོ་གདོང་སྙིང་རྗེ་བོ་ཞིག་གཉེར་ཡོད་པ་རེད།

གསར་བརྗེ་ཡིས་ཁྱེད་ཀྱི་ནང་སེམས་ཁ་བྲལ་དུ་གཏོང་གི་རེད། དེ་ཡིས་ཁྱེད་ཉིད་སྐྱེས་མཆོག་དམ་པ་ཞིག་ཏུ་བཟོ་ཡི་རེད། ཡིན་ཡང༌། སྡིག་པ་གསོག་མཁན་དེར་དྲག་གནོན་བྱེད་ཀྱི་ཡོད། ལས་འབྲས་རྙོག་མཁན་དེ་དམ་པའི་ངོ་བོར་མ་ཐིམ་སྔོན་དུ། སྡིག་པ་གསོག་མཁན་དེ་གཅོད་གཏུབ་བྱེད་ཀྱི་ཡོད། གསར་བརྗེ་ཡིས་ཁྱེད་ཉིད་མི་བུ་གཉིས་ལ་བཟོ་ཡི་རེད། དེ་ཡིས་ཁྱེད་ཀྱི་ནང་སེམས་སུ་འཇིག་རྟེན་གཉིས་གསར་སྐྲུན་བྱེད་ཀྱི་ཡོད། མི་བུའི་རང་བཞིན་ལ་དྲག་གནོན་བྱེད་པ་དང་མི་བུའི་ཀུན་སྤྱོད་དེ་མི་བུའི་རང་བཞིན་གྱི་སྟེང་ལ་འཇོག་གི་རེད། གོང་གི་ཀུན་སྤྱོད་དེས་འོག་མའི་རང་བཞིན་དེར་སྟངས་འཛིན་བྱེད་པར་འབད་བརྩོན་བྱེད་ཀྱི་རེད། མི་བུའི་རང་བཞིན་ལ་སྟོབས་ཤུགས་ཧ་ཅང་ཆེ་བ་ཡོད་པ་བརྗོད་མ་དགོས་པ་རེད། རྒྱུ་མཚན་ནི་དེ་ནི་རང་བཞིན་རེད། དེར་བརྟེན། དེ་ཡིས་ཕྱིར་འཁོན་ལན་སློག་གི་རེད། དེས་ཁྱེད་ཀྱི་ཞན་ཆའི་ཕྱོགས་ནས་ཁྱེད་ཀྱི་མི་ཚེའི་ནང་འཇབ་ཏེ་འོང་གི་རེད། དེ་ཡིས་ཁྱེད་ཀྱི་ཀུན་སྤྱོད་ལ་གཏོར་བརླག་གཏོང་གི་རེད། དེ་ཡིས་ནག་ཉེས་གསར་སྐྲུན་བྱེད་གི་རེད། དེ་བས་ཁྱེད་རང་རྒྱུན་ཆད་མེད་པར་རྙོག་དྲའི་ནང་གནས་ཀྱི་རེད། གང་ལེཊ་ཞེ་ན། སུ་ཡང་རྣམ་པར་རྒྱལ་མི་ཐུབ།

ཀུན་སྤྱོད་ལ་ཁྱེད་ཀྱི་རྣམ་དཔྱོད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ནའང༌། ཁྱེད་ཀྱི་ཡོངས་སུ་རྫོགས་པའི་ཤེས་པ་ཡིས་མི་བུའི་རང་བཞིན་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། ཀུན་སྤྱོད་ནི་ཤེས་པའི་འདུ་ཤེས་ནང་ཡོད། རང་བཞིན་ནི་བྲལ་བའི་འདུ་ཤེས་ཤེས་ཉམསནང་ཡོད། ཤེས་པའི་འདུ་ཤེས་འདི་ཧ་ཅང་ཆུང་ཆུང་རེད། བྲལ་བའི་འདུ་ཤེས་འདི་ཤེས་པ་ལས་ལྡབ་དགུ་ཡིས་སྟོབས་ཤུགས་ཆེ་བ་ཡོད། ཡིན་ཡང༌། ཁྱེད་ཀྱིས་ཤེས་པ་མ་གཏོགས་ཧ་གོ་གི་མེད། དེར་བརྟེན། ཤེས་པའི་ནང་ཀུན་སྤྱོད་ཀྱིས་མི་མཐུད་དུ་གླུ་གཞས་གཏོང་གི་ཡོད། ཁྱེད་ཀྱི་ནང་སེམས་ཀྱི་བྲལ་བའི་འདུ་ཤེས་ནང་དེ་ལས་ལྡོག་སྟེ་ཚུལ་འཆོས་ཡོད་ཚད་ཀྱི་རྩ་བ་ཚུགས་འགྲོ་གི་ཡོད། དེ་ཡིས་ཁྱེད་རང་སྐྱེས་ཆེན་དམ་པ་ཞིག་དང་ལས་འབྲས་རྙོག་མཁན་ཞིག་བཟོ་གི་རེད། ལས་འབྲས་རྙོག་མཁན་དེ་དྲག་གནོན་བྱས་ཡོད་ཙང༌། དེས་རང་གི་ཡང་དག་པའི་གོ་སྐབས་དང་དུས་ཚོད་ལ་སྒུག་ཏེ་གཏོར་བརླག་དང་འཁོན་ལན་སློག་གི་རེད།
རྒྱུ་མཚན་དེར་བརྟེན་ནས་མི་རྣམས་བལྟས་ན་ཧ་ཅང་སེམས་པ་སྐྱོ་བོ་ཡོད་པ་རེད། མཐོང་སྣང་ལ་སེམས་པ་ཧ་ཅང་འཐོམ་སྦྲིད་དུ་སོང་ཡོད་པ་རེད། ཅིའི་ཕྱིར་ཞེ་ན། ཁོང་ཚོའི་ནུས་ཤུགས་ཡོད་ཚད་རྙོག་དྲ་འདིའི་ཡུར་བ་ནང་ལ་འགྲོ་བཞིན་ཡོད་པ་རེད། དེ་རུ་རྒྱུན་མཐུད་པའི་དངངས་འཚབ་ཅིག་ཡོད་པ་རེད། སྐྱེས་ཆེན་དམ་པ་དེར་ཧ་ཅང་དངངས་འཚབ་ཆེ་བ་ཡོད། ཁོང་ནམ་ཡང་སྡུག་བསྔལ་ཚད་མེད་ནང་ལྷག་ཡོད་ཅིང༌། དུས་རྒྱུན་རང་གིས་ཁས་ལེན་མ་བྱས་པའི་རང་ཉིད་ངོ་མ་དེར་ཞེད་སྣང་སྐྱེས་ཀྱི་ཡོད། ཁས་ལེན་མ་བྱས་པ་དེ་རུ་ཡོད་པ་རེད་ཨང༌། སྔ་ཕྱི་མ་གཏོགས་དེ་ཡིས་ཀུན་སྤྱོད་རིང་ལུགས་པ་དང་རང་གི་ཁེ་ཕན་ཁོ་ན་བསམ་མཁན། ཤེས་པ་མ་ཡིན་ཡིན་ཁུལ་བྱེད་མཁན་དག་ཕྱིར་གཡུག་གི་རེད། དེ་ཡིས་མ་ཡིན་ཡིན་མདོག་བྱེད་མཁན་ཉིད་ཕྱིར་འཕེན་གྱི་རེད། དེར་བརྟེན། སྐྱེས་ཆེན་དམ་པ་དེ་རྒྱུན་དུ་སྨྱོན་པའི་རིགས་ལྟ་བུ་ཞིག་གི་མཚམས་སུ་ཡོད། གལ་ཏེ་ཁྱེད་རང་སྐྱེས་ཆེན་དམ་པ་ཞིག་བྱེད་པར་འབད་བརྩོན་བྱེད་ན་ཁྱེད་རང་རྒྱུན་དུ་མཐའ་མཚམས་དེར་ཡོད་པ་ཁྱེད་ཀྱིས་ཤེས་གསལ་རེད། བྱ་དངོས་ཆུང་ཆུང་ཞིག་གིས་ཁྱེད་ཀྱི་ཆ་སྙོམས་ཧྲིལ་པོར་འགྱུར་ལྡོག་གཏོང་ཐུབ་ཀྱི་རེད་ལ། ཁྱེད་རང་གི་ཞི་བདེ་བག་ཕེབས་ཡོངས་རྫོགས་བརླག་འགྲོ་གི་རེད།

ངོ་ལོག་ནི་ནང་ལོགས་ཀྱི་གསར་བརྗེ་ཡིན། ངོ་ལོག་ནང་སེམས་ནས་འགོ་ཚུགས་ཀྱི་ཡོད། བཅོས་བསྒྱུར་ཕྱི་ལོགས་ནས་འགོ་རྩོམ་གྱི་ཡོད། ཕྱི་ལོག་ནས་གཏན་ནས་འགོ་འཛུགས་མི་རུང༌། ཆེས་ནང་ལོགས་ནས་འགོ་རྩོམ་དགོས། མི་བུ་ཁྱེད་རང་ཉིད་ནས་འགོ་འཛུགས་དགོས། བཅོས་བསྒྱུར་གྱིས་ཁྱེད་ཀྱིས་ག་རེ་སྒྲུབ་དགོས་པ་བཤད། གསར་བརྗེ་ཡིས་ཁྱེད་གང་འདྲ་བྱས་ཏེ་སྐྱེས་ཆེན་དམ་པ་ཞིག་བྱེད་དགོས་པ་དང་སྤྱོད་ལམ་ཡག་པོ་གང་འདྲ་བྱེད་དགོས་པ་བཤད། གསར་བརྗེ་ཡིས་ཁྱེད་ཀྱི་མཐའ་སྐོར་ལ་ཕྱི་སྐོགས་མཐུག་པོ་ཞིག་བཟོ་ངེས་ཡིན། ནང་ལོགས་དང་ཕྱི་ལོགས་གཉིས་ཆ་ནས་ཁྱེད་ལ་སྲུང་སྐྱོབ་བྱེད་མཁན་གྱི་གོ་ཁྲབ་ཅིག་བཟོ་ཡི་ཡོད། རྣོ་ལྕགས་མཁྲེགས་པོ་འདི་ལ་ཡོངས་གྲགས་ཀྱིས་གཤིས་ཀ་ཟེར་གྱི་ཡོད།
དོན་དམ་པའི་མི་བུ་ཞིག་ལ་གཤིས་ཀ་ཞེས་པ་མེད། དཔེར་ན། རྗའེ་སོ་སི་ལྟ་བུ་ཁོང་ལ་གཤིས་ཀ་ཟེར་བ་ཡོད་པ་མ་རེད། དེ་ནི་དེ་སྔ་དཀའ་ངལ་རེད། དེ་མིན་རྗེའུ་མི་རིགས་ཀྱིས་ཁོང་ལ་ངོ་རྒོལ་བྱེད་མི་སྲིད། ཁོང་ནི་དེ་སྔ་གཤེར་གཟུགས་ཡིན། ཁོང་ལ་གཤིས་ཀ་མེད། ཁོང་ལ་གོ་ཁྲབ་མེད། ཁོང་ནི་དེ་སྔ་ཕྱི་གསལ་ནང་གསལ། སྐྱབས་མེད་མགོན་མེད། མི་སེར་གཉོམ་ཆུང་ཞིག་ཡིན་པ་རེད། རྒྱུ་མཚན་ནི་ཁོང་དེ་སྔ་ཀུན་སྤྱོད་རིང་ལུགས་པ་ཞིག་མིན། ཁོང་སྐྱེས་ཆེན་དམ་པ་ཞིག་མིན། ཁོང་དྲང་སྲོང་ཞིག་ཡིན།

བཅོས་བསྒྱུར་གྱིས་ཁྱེད་རང་མི་ཡ་རབས་ཤིག་ཏུ་བཟོ་ཡི་ཡོད། གསར་བརྗེ་ཡིས་ཁྱེད་རང་སྐྱེས་ཆེན་དམ་པ་ཞིག་ཏུ་བཟོ་ཡི་ཡོད། ངོ་ལོག་གིས་ཁྱེད་རང་དྲང་སྲོང་ཞིག་ཏུ་བཟོ་ཡི་ཡོད། ཁོང་ནི་དྲང་སྲོང་ཞིག་རེད། ཁོང་གིས་དེ་སྔ་ག་རེ་བསྒྲུབས་ཡོད་པ་དེ་ཀུན་སྤྱོད་ངེས་ཅན་ཞིག་ལ་བརྟེན་པའི་རྒྱུ་མཚན་མ་རེད། དེ་ནི་རྟོག་ཤེས་ངེས་ཅན་ཞིག་ལ་བརྟེན་པ་རེད། དེ་ནི་འདས་ཟིན་པ་ཡི་ལུགས་སྲོལ་དག་གི་རྒྱུ་མཚན་མ་རེད། དེ་ནི་རང་བཞིན་གྱི་གོ་རྟོགས་ཤིག་གི་རྐྱེན་རེད། ངོ་ལོག་ནི་གོ་རྟེོགས་ལ་རག་ལས་ཡོད། གསར་བརྗེ་ནི་གཤིས་སྤྱོད་ལ་བརྟེན་ཡོད། བཅོས་བསྒྱུར་ནི་ཕྱི་ཚུལ་གྱི་གུས་ལུགས་ལ་བརྟེན་ཡོད།

གོ་རྟོགས་ཆེ་རུ་བསྐྱེད་དེ་འགོ་བཙུགས་ན། ད་གཟོད། ཁྱེད་ཀྱིས་སེམས་པའི་གཏིང་རིམ་ནས་འགོ་འཛུགས་ཀྱི་རེད་ལ། ཕྱོགས་དེ་ནས་འོད་ཟེར་ཁྱབ་བཅུག་ན་ཁྱེད་ཀྱི་མི་ཚེ་ཧྲིལ་པོ་འོད་སྣང་གིས་ཁེངས་ཀྱི་རེད། ཕྱི་ལོགས་ནས་ཁྱེད་གང་ལའང་འགྲོ་ས་ཡོད་པ་མ་རེད། ལམ་ཁ་གཅིག་རང་ཡོད་པ་ནི་ནང་སེམས་ནས་ཡོང་དགོས་པ་དེ་ཡིན། དེ་ནི་དཔེར་ན། ཤིང་སྡོང་ཆེན་པོ་ཞིག་ཆགས་པར་ས་བོན་དེ་ནང་ལོགས་ནས་སྐྱེས་ཀྱི་ཡོད་པ་བཞིན། ཁྱེད་ཀྱི་ནང་སེམས་བཞེངས་སྐྲུན་གྱི་རྩོལ་བ་འང་ས་བོན་བཞིན་སྐྱེས་འཇུག་རོགས།
བཅོས་བསྒྱུར་ནི་འཕྲལ་སེལ་བཟོ་བཅོས་སམ་དཀར་རྩི་བྱུགས་པ་ལྟ་བུ་རེད། འདི་རུ་ཅུང་ཙམ་བྱུགས། དེ་རུ་ཅུང་ཙམ་བྱུགས། ཡིན་ཡང༌། གཞི་རྩའི་རྨང་གཞི་ལ་ཐ་ན་རེག་ཙམ་ཡང་བྱས་ཡོད་པ་མ་རེད། གསར་བརྗེ་ཆེད་བཅོས་བསྒྱུར་བྱེད་ཆོག་གི་རེད་ལ་བཅོས་བསྒྱུར་གྱིས་གསར་བརྗེ་ལ་རྒྱབ་འགལ་བྱེད་ཆོག་ དེ་ཁྱེད་ལ་རག་ལས་ཡོད། ང་ཚོར་བཅོས་བསྒྱུར་མཁན་རིགས་གཉིས་ཡོད། གསར་བརྗེ་ཆེད་རྨང་གཞི་གྲ་སྒྲིག་བྱེད་མཁན་སྐོར་ཞིག་དང༌། གསར་བརྗེ་ལ་སྔོན་འགོག་བྱེད་པར་འབད་བརྩོན་བྱེད་མཁན་སྐོར་ཞིག་ཡོད། བཅོས་བསྒྱུར་གྱིས་བྱ་དངོས་དག་ཡག་ཏུ་འགྲོ་བཞིན་ཡོད་པའི་ཚོར་བ་ཞིག་སྤྲོད་ཀྱི་ཡོད། དེར་བརྟེན། གསར་བརྗེ་ཞིག་སློང་དགོས་པའི་དགོས་པ་ག་རེ་རེད། རྒྱུ་མཚན་ག་རེ་བྱས་ནས་དཀའ་ངལ་མང་པོ་བཟོ་དགོས་པ་རེད། བཅོས་བསྒྱུར་གྱིས་རེ་བ་སྩོལ་གྱི་རེད། ཡིན་ཡང༌། མི་དམངས་ཀྱིས་འགོག་གི་རེད། དེའི་ཕྱིེར། དེ་ཁྱེད་རང་ལ་རག་ལས་ཡོད།
གོ་རྟོགས་ཡང་དག་པ་ཡོད་མཁན་གྱི་མི་བུ་དེས་བཅོས་བསྒྱུར་བེད་སྤྱོད་བཏང་ཆོག ཡིན་ཡང༌། གནས་ལུགས་མི་རྟོགས་མཁན་ཞིག་ཡིན་ན། ཁོང་གིས་བཅོས་བསྒྱུར་ནི་གསར་བརྗེ་ཡི་བརྒྱུད་རིམ་ཞིག་གི་ཚུལ་དུ་བེད་སྤྱོད་བྱེད་ཆོག་པ་མཐོང་ཐུབ་ཀྱི་མེད། དེ་ལས་ལྡོག་སྟེ། བཅོས་བསྒྱུར་ནི་གསར་བརྗེ་ཡོང་བར་འགོག་རྐྱེན་ཞིག་ཆགས་འགྲོ་ཡི་ཡོད།

འདི་གསར་བརྗེ་དང་གནས་སྟངས་གཅིག་པ་རེད། གསར་བརྗེ་ནི་ངོ་ལོག་གི་སྒོ་མོ་ཞིག་ཡིན་ཆོག ཡིན་ཡང༌། གོ་རྟོགས་ངེས་པར་ཡོད་དགོས། དེ་མིན། འགོག་རྐྱེན་ཞིག་ཏུ་འགྱུར་འགྲོ་གི་རེད། ཁོང་གིས་ད་ལྟ་གསར་བརྗེ་བྱུང་བ་རེད། ད་དུང་གཏིང་ཇེ་ཟབ་ཏུ་འགྲོ་དགོས་པ་ག་རེ་རེད། ད་ལྟ་སྔོན་ཚུད་ནས་མང་དྲགས་འདུགའདི་ལྟར་བསམ་གྱི་ཡོད། དེར་བརྟེན། བཅོས་བསྒྱུར་ནི་འགོག་རྐྱེན་ཞིག་ཏུ་འགྱུར་བའམ་ཡང་ན་རོགས་པ་ཞིག་ཏུ་འགྱུར་གྱི་རེད། འདི་གསར་བརྗེ་ཡི་གནས་སྟངས་དང་ཇི་མ་ཇི་བཞིན་རེད། ཡོད་ཚད་ཁྱེད་ཀྱི་ཤེས་རྟོགས་ལ་རག་ལས་ཡོད། ཡོངས་རྫོགས་ཁྱེད་རང་གིས་མི་ཚེ་ལ་གོ་བ་ཇི་ཙམ་ལོན་ཡོད་པ་ལ་རག་ལས་ཡོད།
ཡོད་ཚད་མཐར་གཏུགས་ན་ཁྱེད་ཀྱིས་ག་འདྲ་བྱས་ཏེ་མི་ཚེ་དང་བྱ་གཞག་ཤེས་རྟོགས་བྱུང་བ་ལ་རག་ལས་ཡོད། དེའི་ཕྱིར། འདི་ནི་ཆེས་གཞི་རྩའི་ཁྲིམས་སྲོལ་དག་ལས་གཅིག་ཏུ་འགྱུར་འཇུག་རོགས། གལ་ཏེ་དེ་རུ་ཤེས་རྟོགས་མེད་ན་དེ་སྔ་གང་རུང་ཞིག་རོགས་པ་ཆེན་པོ་ཞིག་ཏུ་འགྱུར་ངེས་པ་དེའང་འགོག་རྐྱེན་ཞིག་ཏུ་འགྱུར་འགྲོ་གི་རེད། གལ་ཏེ་དེ་རུ་ཤེས་རྟོགས་ཡོད་ན། དངོས་པོ་གང་རུང་དེ་སྔ་དུག་རྫས་སུ་འགྱུར་གྱི་ཡོད་པ་དེའང་མཚམས་ལེན་རེར་སྨན་སྣ་གང་རུང་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་ལྟ་བུ་རེད། སྨན་སྣ་ཚང་མ་དུག་རྫས་ཀྱིས་བཟོས་པ་རེད། དེ་དག་གིས་སྲོག་གཅོད་ཀྱི་མ་རེད། དེ་དག་གིས་མི་རྣམས་བདེ་ཐང་ཡོང་བར་རོགས་པ་བྱེད་ཀྱི་ཡོད། ཡང་དག་པའི་ལག་པ་ནང་ནས་ཐ་ན་དུག་རྫས་ཀྱང་སྨན་སྣ་རུ་འགྱུར་གྱི་ཡོད། འོན་ཀྱང༌། ནོར་འཁྲུལ་ཅན་གྱི་ལག་པའི་ནང་ཐ་ན་སྨན་རྫས་ཀྱང་དུག་རྫས་ཤིག་ཏུ་ར་སྤྲོད་བྱེད་སྲིད་ཀྱི་རེད།

གསར་བརྗེ་ནི་གཟུགས་ཕུང་དང་སྤྱི་ཚོགས། དཔལ་འབྱོར་དང་ཆབ་སྲིད། ཕྱི་ལོགས་བཅས་ཀྱི་གྲུབ་ཆ་ལ་འགྱུར་བ་གཏོང་བྱེད་ཅིག་ཡིན། ཡིན་ཡང༌། འདི་དག་གིས་མི་རྣམས་སུན་པོ་གཏན་ནས་བཟོ་ཡི་མེད། གསར་བརྗེ་ཡིས་ངོ་ལོག་གི་ཆེད་དུ་གསར་བརྗེ་བྱེད་ཆོག་ལ། གསར་བརྗེ་ཡིས་ངོ་ལོག་ལ་རྒྱབ་འགལ་ཡང་བྱེད་ཆོག འདས་ཟིན་པའི་གནས་སྟངས་བརྒྱ་ཆ་བརྒྱའི་ཁྲོད་ནས་བརྒྱ་ཆ་དགུ་བཅུ་ཡིས་ངོ་ལོག་ལ་རྒྱབ་འགལ་བྱས་ཡོད། རྒྱུ་མཚན་དེར་བརྟེན་ནས་དམར་ཕྱོགས་རིང་ལུགས་ཀྱིས་ཆོས་ལུགས་ལ་ཧ་ཅང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེ་ནི་གློ་བུར་རམ་སྟེས་དབང་ཞིག་མ་རེད།

དམར་ཕྱོགས་རིང་ལུཊ་པས་ཆོས་ལུགས་ནི་རང་གི་དགྲ་བོ་ཡིན་པ་ཚོར་གྱི་ཡོད། རྒྱུ་མཚན་ག་རེ་རེད་ཟེར་ན། དམར་ཕྱོགས་རིང་ལུགས་ཇི་སྲིད་བར་འགྲོ་ཐུབ་ཀྱི་ཡོད་ན། ཆོས་ལུགས་དེ་ལས་གཏིང་ཧ་ཅང་ཇེ་ཟབ་ཏུ་འགྲོ་ཐུབ་ཀྱི་ཡོད་པའི་རྐྱེན་རེད། དེ་ནི་ཕྲག་དོག་རེད། དེ་ནི་དཀའ་ངལ་རེད། གལ་ཏེ་དེ་རུ་ཆོས་ལུགས་མེད་ན། དེ་རྗེས་དམར་ཕྱོགས་རིང་ལུགས་ནི་ལྟོས་ན་མཐར་ཐུག་གི་གསར་བརྗེ་ཡིན་པ་རེད། དེའི་གོང་དུ་ཅི་ཡང་ཡོད་པ་མ་རེད། ཡིན་ཡང༌། དེ་རུ་ཆོས་ལུགས་ཡོད་ན། དམར་ཕྱོགས་རིང་ལུགས་ནི་དེ་འདྲ་དེ་འདྲ་ཙམ་རེད། དེའི་སྐོར་འུད་ཤོད་བྱེད་པའི་ཤེད་ཤུགས་ཡོད་པ་མ་རེད། དེའི་ཕྱིར་དམར་ཕྱོགས་རིང་ལུགས་ཀྱིས་ཆོས་ལུགས་རྦད་དེ་རྩ་མེད་བཟོ་ན་འདོད་ཀྱི་ཡོད་པ་རེད་ལ། སའི་གོ་ལ་འདི་སྒང་ནས་ཆོས་ལུགས་གཏོར་བརླག་ཏུ་གཏོང་འདོད་ཡོད་པ་རེད།
དམར་ཕྱོགས་རིང་ལུགས་ནི་ཆོས་ལུགས་ལ་ཧ་ཅང་ཞེད་སྣང་སྐྱེས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི། དམར་ཕྱོགས་རིང་ལུགས་ཀྱིས་ཆོས་ལུགས་འདི་གཏིང་ཟབ་ཏུ་འགྲོ་གི་ཡོད་པའི་གནད་དོན་འདི་མཐོང་གི་ཡོད་པ་རེད། ཆོས་ལུགས་ཀྱིས་མི་བུ་འདི་ཁོང་གི་ཆེས་ནང་སེམས་ནས་འགྱུར་བ་གཏོང་གི་ཡོད་པའི་གནད་འགག་མཐོང་གི་ཡོད་པ་རེད། དེ་རུ་མི་བུ་གསར་བ་ཞིག་སྐྱེས་བྱུང་བ་ཡིན་ན། ད་གཟོད། སྤྱི་ཚོགས་གསར་བ་ཞིག་དངོས་གནས་སྐྱེས་པ་རེད།

ང་ཚོས་ཡོད་ཚད་ལ་འབད་བརྩོན་བྱས་པ་རེད། ང་ཚོས་སྐྱེས་པ་མི་བཟང་དང་བུད་མེད་འཛངས་མ་མང་པོ་བསྐྱེད་བསྲིངས་བྱས་པ་རེད། ཡིན་ཡང༌། ཁོ་ཚོས་ར་སྤྲོད་མང་པོ་བྱས་ཡོད་པ་མ་རེད། ང་ཚོས་སྤྱི་ཚོགས་ལ་འགྱུར་བ་བཏང་བ་རེད། ང་ཚོས་སྟོང་བསམ་གྱི་སྤྱི་ཚོགས་རིང་ལུགས་སམ་རྫོགས་ལྡན་གླིང་ལ་འབད་བརྩོན་བྱས་པ་རེད། ཡིན་ཡང༌། ཁོང་ཚོ་ཚང་མ་ཕམ་པ་རེད། བཅོས་བསྒྱུར་ཕམ་པ་རེད། གསར་བརྗེ་ཕམ་པ་རེད།
ངོ་ལོག་ནི་གཞི་རྒྱ་ཆེན་པོ་ཞིག་གི་སྒང་ལ་ཚོད་ལྟ་གཏན་ནས་བྱས་ཡོད་པ་མ་རེད། གཞི་རྒྱ་ཆུང་ཆུང་ཞིག་གི་ཐོག་ཚོད་ལྟ་ག་དུས་བྱས་པ་ཡིན་ན། དེ་རུ་རྟག་པར་ལེགས་འགྲུབ་བྱུང་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་དང་ལྷན་དུ་མི་དམངས་སྟོང་ཕྲག་དུ་མ་ངོ་ལོག་བརྒྱུད་དེ་མི་བུ་གསར་བ་ལ་གྱུར་ཡོད་པ་རེད། དེར་བརྟེན། བཅོམ་ལྡན་འདས་ལ་ལེགས་འགྲུབ་བྱུང་ཡོད་པ་རེད། ད་དུང་རྗའེ་སོ་སི་དང་ལོ་ཙི། ཁུ་རེ་ཧྲི་ན་བཅས་ལ་གྲུབ་འབྲས་བྱུང་ཡོད་པ་རེད། ངོ་ལོག་བརྒྱུད་དེ་རྟག་ཏུ་རྣམ་པར་རྒྱལ་ཡོད་པ་རེད། ཡིན་ཡང༌། དེ་མི་བུ་ཉུང་ཤས་ཤིག་རེད། དེ་གཞི་རྒྱ་ཧ་ཅང་ཆེ་བ་ཞིག་གི་སྒང་ལ་གཏན་ནས་འབད་བརྩོན་བྱས་ཡོད་པ་མ་རེད། དེ་ཡིས་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་ལ་གཏན་ནས་དམ་དུ་འཆང་ཡོད་པ་མ་རེད། དེ་ནི་ད་ལྟ་གང་ལ་ཤུགས་རྒྱག་དགོས་ས་དེ་རེད།
འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཆེན་པོ་ཞིག་ལ་ངོ་ལོག་གི་འཆར་སྣང་དང་གོ་རྟོགས་ཀྱི་འཆར་སྣང་ངེས་པར་དུ་སྐྲུན་ན། ད་གཟོད། མི་འདི་འགྲོ་བ་མི་ལ་དངོས་གནས་འགྱུར་ཐུབ་ཀྱི་ཡོད། མི་ཞེས་པའི་མིང་འདི་འགྲོ་བ་མིའི་ཆེད་དུ་བཏགས་པ་རེད། ཡིན་ཡང༌། ཁོང་ད་དུང་འགྲོ་བ་མི་མིན། རྒྱུ་མཚན་ནི་མི་ཞིག་འགྲོ་བ་མི་བཟོ་བའི་ཁྱད་ཆོས་དེ་དག་ཚང་གི་མི་འདུག སྙིང་རྗེ་དེ་ན་མི་འདུག བརྩེ་བ་དེ་ན་མི་འདུག སྒོམ་སྒྲུབ་དེ་ན་མི་འདུག་་ གསོལ་འདེབས་དང་བཀའ་དྲིན་བསམ་ཤེས། དུས་སྟོན་མཛད་སྒོ་དེ་རུ་མི་འདུག བཅོས་བསྒྱུར་གྱིས་བསམ་བློ་གསར་བ་འཁྱེར་ཡོང་གི་ཡོད། གསར་བརྗེ་ཡིས་བསམ་བློ་གསར་བ་དེ་དག་ལ་རྒྱབ་སྐྱོར་བྱེད་པའི་སྒྲོམ་གཞི་གསར་བ་ཞིག་འཁྱེར་ཡོང་གི་ཡོད། ངོ་ལོག་གིས་སྒྲོམ་གཞི་དེ་དག་ལ་རྒྱབ་སྐྱོར་བྱེད་པའི་འདུ་ཤེས་གསར་བ་ཞིག མི་བུ་གསར་བ་ཞིག བླ་སྲོག་གསར་བ་ཞིག་བཞེངས་སྐྲུན་བྱེད་ཀྱི་ཡོད།

ཆེས་གཞི་རྩའི་རྨང་གཞི་ནས་འགོ་འཛུགས་རོགས། ངོ་ལོག་འདི་རྨང་གཞི་རུ་འཇོག་རོགས། དེ་རྗེས་གསར་བརྗེ་ཡི་སྒྲོམ་གཞི་བཟོ་རོགས། དེའི་སྒང་ལ་བཅོས་བསྒྱུར་གྱི་རྒྱ་ཕིབས་རྩིགས་རོགས། དེ་ལས་ལྷག་ཅི་ཡང་མི་དགོས། དེ་མིན་བརྒྱུད་རིམ་ཧྲིལ་པོ་མགོ་རྟིང་སློག་པའམ་ཟ་ངེ་ཟིང་ངེ་ཡིན།

མི་ཡིས་ད་ལྟའི་བར་དུ་ཇི་ལྟར་སྒྲུབ་བཞིན་ཡོད་པ་རེད། ག་རེ་ལ་ནོར་འཁྲུལ་ལ་ཤོར་གྱི་འདུག ཅིའི་ཕྱིར་སྡུག་བསྔལ་ཚད་མེད་ཅིག་ཡོད་པ་རེད། ང་ཚོས་དུས་རྒྱུན་ཅིའི་ཕྱིར་ནོར་འཁྲུལ་ནས་འགོ་འཛུགས་ཀྱི་ཡོད་པ་རེད། ཅིའི་ཕྱིར་ང་ཚོ་དཀའ་ངལ་འབྱུང་སའི་གཞི་གཙོ་བོ་དེར་གཏན་ནས་སླེབས་མ་ཐུབ་པ་རེད།སྤྱི་ཡོངས་ཀྱི་གནས་སྟངས་ཤེས་རྟོགས་བྱེད་དགོས་པ་འདི་ནི་ཆེས་ཧ་གོ་དགོས་པའི་གཞི་རྩའི་གནད་དོན་དེའོ།།
༡༩༧༧ ༡༡ ༨

No comments:

Post a Comment