Saturday, March 17, 2012


<<ཀྲི་ཤི་ཎ་མུཀ་ཏེ་ཡི་གསུང་སྒྲོས>>ལས། སྤྱི་ཚོགས་ཀྱི་འགྱུར་བའི་སྐོར།
མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ནས་བསྒྱུར།

༡ འཛམ་བུ་གླིང་བཅོས་སྒྱུར་བྱེད་པའི་འདུན་པ་དྲག་པོ་ཡོད་མཁན་སུ་ཞིག་ཡིན་ཡང་ཐོག་མར་ངེས་པར་དུ་རང་ཉིད་རྟོགས་དགོས། ཅིའི་ཕྱིར་ཞེ་ན། ཁྱེད་ནི་འཛམ་བུ་གླིང་ཡིན་ནོ།།

༢ ང་ཚོས་སྤྱི་ཚོགས་ལ་འགྱུར་བ་གཏོང་མི་ཐུབ། མི་སྒེར་ཁོ་ནས་ད་གཟོད་འགྱུར་བ་གཏོང་ཐུབ།

༣ སྤྱི་ཚོགས་ཀྱི་འཆིང་རྒྱའི་འོག་ཚུད་མེད་པའི་མི་བུ་སྒེར་བ་ཁོ་ནས་སྤྱི་ཚོགས་ལ་རྩ་བའི་ཆ་ནས་ཕན་ནུས་འདོན་ཐུབ་ཀྱི་ཡོད།

༤ མི་བུ་ཡིས་སྤྱི་ཚོགས་ཀྱི་སྒྲོམ་གཞི་བསྐྲུན་པ་རེད། དེར་དེ་ཡི་འཚོ་གནས་ཤིག་ཡོད་ནའང༌། མི་བུ་ལས་ཁ་འཕྲལ་མིན། མི་བུ་ཡང་དེ་ལས་ཁ་འབྲལ་གྱི་མེད། དེ་གཉིས་ཕན་ཚུན་སྦྲེལ་ཡོད། དེར་བརྟེན། སྒྲོམ་གཞི་ནང་གི་འགྱུར་བ་ནི་འགྱུར་བ་གཏན་ནས་མ་རེད། དེ་ནི་བཟོ་བཅོས་ཁོ་ན་རེད། བཅོས་སྒྱུར་འབའ་ཞིག་རེད། སྤྱི་ཚོགས་ཀྱི་སྒྲོམ་གཞི་ལས་བཙན་གྱིས་ཐར་བར་བྱས་ཏེ་སྒྲོམ་གཞི་གཞན་ཞིག་གསར་སྐྲུན་མ་གནང་ན་ད་གཟོད་ཁྱོད་ཀྱིས་སྤྱི་ཚོགས་ལ་"རོགས་རམ"་བྱེད་ཐུབ། དེ་མིན་ཁྱེད་རང་ཇི་སྲིད་སྤྱི་ཚོགས་ལ་གཏོགས་པ་དེ་སྲིད་དུ་དེར་ཉམས་ཉེས་གཏོང་བར་གཞོགས་འདེགས་ཁོ་ན་བྱེད་བཞིན་ཡོད། སྤྱི་ཚོགས་ཡོངས་རྫོགས་ནང་དུ་ཁོང་ཚོ་སོ་སོའི་ཚུལ་མིན་གྱི་ས་བོན་དག་ཡོད་པ་རེད། འདིའི་ནང་དུ་ཆེས་ངོ་མཚར་ཆེ་བའི་རྫོགས་ལྡན་གླིང་གི་སྟོང་བསམ་རིང་ལུགས་པའང་འདུས་ཡོད། སྤྱི་ཚོགས་ལ་འགྱུར་བ་གཏོང་དགོས་ན། ཁྱེད་རང་ངེས་པར་དུ་སྤྱི་ཚོགས་ཀྱི་འཆིང་རྒྱ་ལས་ཐར་དགོས། སྤྱི་ཚོགས་ནི་ཐོབ་འདོད་ཅན་ཡིན། ཧམ་སེམས་ཅན་ཡིན། ཕྲག་དོག་ཅན་ཡིན། དབང་ཆའི་རྗེས་སྙེག་མཁན་སོགས་ཡིན། ཁྱེད་རང་ངེས་པར་དུ་འདི་ལྟར་མི་འགྱུར་བར་བྱེད་དགོས།

༥ སྤྱི་ཚོགས་ཀྱི་དངོས་ཡོད་སྒྲོམ་གཞི་ནི་ཁྱེད་རང་ཉིད་ཀྱི་སྒྲོམ་གཞི་རེད། དེར་བརྟེན། ཁྱོད་ཀྱིས་ཁྱོད་རང་ཉིད་རྟོགས་འགོ་འཛུགས་སྐབས། ཁྱོད་ཀྱིས་ཁྱོད་རང་ཉིད་སྡོད་སའི་སྤྱི་ཚོགས་དེ་རྟོགས་འགོ་ཚུགས་ཀྱི་ཡོད། དེ་ཡིས་སྤྱི་ཚོགས་ལ་རྒྱབ་འགལ་བྱེད་ཀྱི་མེད། དེར་བརྟེན། ཆོས་དད་ཅན་གྱི་མི་བུ་ཡིས་འཚོ་བའི་ལམ་ཁ་གསར་བ་ཞིག་གསར་རྟོགས་བྱེད་པར་བསམ་བློ་གཏོང་གི་ཡོད་ཅིང༌། ཁོང་འཛམ་བུ་གླིང་འདི་ནང་འཚོ་སྟེ་རང་ཉིད་སྡོད་སའི་སྤྱི་ཚོགས་ལ་འགྱུར་བ་ཞིག་འཁྱེར་འོང་གི་ཡོད། ཅིའི་ཕྱིར་ཞེ་ན། ཁོང་གིས་རང་ཉིད་ལ་འགྱུར་བ་གཏོང་བ་དེ་ནི་སྤྱི་ཚོགས་ལ་འགྱུར་བ་གཏོང་བའོ།།

༦ སྤྱི་ཚོགས་དང་འགྲོ་བ་མི་ནི་རང་སྐྱ་བ་གཉིས་མིན། འགྲོ་བ་མིའི་ནང་སེམས་ལ་ཞི་འཇམ་ཡོད་དུས། ཕྱི་ལོགས་ལའང་ཞི་འཇམ་ཡོད་ངེས། གང་ཡིན་ཞེ་ན། གལ་ཏེ་ང་ཚོ་ཚང་མའི་ནང་སེམས་ཟང་ཟིང་ཡིན་ན། ཕྱི་ལོགས་ཀྱང་ཟང་ཟིང་ཡིན་ངེས། ཕྱི་ལོགས་ཀྱི་བཀོད་འདོམས་སྟེ་སྤྱི་ཚོགས་ཀྱི་བཀོད་འདོམས་ངེས་པར་དུ་དགོས་ཀྱི་ཡོད། ཡིན་ཡང༌། དེ་ཡིས་ནང་སེམས་ཀྱི་ཟང་ཟིང་འདི་ཐག་གཅོད་བྱ་ཡི་མེད།


No comments:

Post a Comment