Sunday, March 18, 2012


ཞིབ་འཇུག་གི་རྣམ་གཞག    

 ཨིན་སི་ཐན། མང་རའི་གངས་ཐིགས་ཀྱིས་བསྒྱུར།

ཚན་རིག་གི་ལྷ་ཁང་ནང་དུ་གཟིམ་ཤག་མང་པོ་ཡོད་ལ། དེ་དག་གི་ནང་དུ་མི བུ་འདྲ་མིན་བཞུགས་བཞིན་མཆིས། མི་བུ་ཁོང་ཚོ་དེ་རུ་ཕྱིན་པའི་ཀུན་སློང་སྣ་མ་སྣ་ཚོགས་རེད། མང་པོ་ཞིག་ལ་ཚན་རིག་ལས་ཁྱད་འཕགས་ཤེས་རབ་ཀྱི་སྟོབས་ཤུགས་ཤིག་ཐོབ་པའི་དགའ་སྤྲོའི་ཚོར་བ་ཞིག་ཡོང་གིན་ཡོད་ཅིང༌། ཚན་རིག་ནི་ཁོང་ཚོ་སོ་སོའི་དམིགས་བསལ་གྱི་ལུས་རྩལ་ཞིག་ཏུ་བདམས་ཏེ་དེ་ལས་གསོན་ཉམས་ལྡན་པའི་ཉམས་མྱོང་དང་ཕུགས་བསམ་གྱི་འདོད་བློ་ཚིམས་པའི་རེ་སྒུག་བྱེད་བཞིན་འདུག གཞན་མི་བུ་མང་པོ་ཞིག་ཀྱང་དེ་རུ་ཡོད། ཁོང་ཚོས་ཁེ་ཕན་རིང་ལུགས་པའི་དམིགས་ཡུལ་ཁོ་ནའི་ཆེད་དུ་མཆོད་ཤོམ་གྱི་མདུན་ལ་རང་རང་གི་ཀླད་པའི་ཐོན་སྐྱེད་དག་འབུལ་བཞིན་ཡོད། སྐབས་དེར། དཀོན་མཆོག་གི་ལྷའི་ཕོ་ཉ་ཞིག་ཕེབས་ཏེ་སྡེ་ཚན་འདི་གཉིས་ལ་གཏོགས་པའི་མི་བུ་ཚང་མ་ལྷ་ཁང་གི་ཕྱི་རོལ་དུ་སྤྱུགས་ཏེ་མཆོད་ཁང་སྟོང་བར་བཟོ་གིན་ཡོད། ཡིན་ནའང༌། འདས་དང་ད་ལྟའི་མི་བུ་ཁ་ཤས་ཤིག་ད་དུང་ཡང་ནང་དུ་ལྷག་ཡོད། ང་ཚོའི་མ་ཁི་སི་ཕུ་ལན་ཁུ་མཆོག་ནི་ཁོང་ཚོའི་གྲས་ཀྱི་གཅིག་རེད། དེར་བརྟེན། ང་ཚོ་ཁོང་ལ་ཧ་ཅང་དུང༌།

ང་ཚོས་ད་ལྟ་རང་སྣང་བ་སྤྲོ་བོ་ངང་ནས་ཁྱད་དུ་འཕགས་པའི་མི་སྣ་མང་པོ་ཞིག་མཐར་སྐྲོད་བཏང་བ་ངས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད། ཁོང་ཚོས་ཚན་རིག་གི་ལྷ་ཁང་འདིའི་འཛུགས་སྐྲུན་ཐད་ལ་འགན་ཁུར་ཆེན་པོ་ཞིག་ཕྲག་ཏུ་བླངས་ཡོད། དེའི་རྐྱེན་གྱིས་ང་ཚོའི་ལྷའི་ཕོ་ཉས་ཀྱང་གནས་སྟངས་མང་པོ་ཞིག་གི་ནང་དུ་ཕྱིར་འབུད་ཀྱི་ཐག་གཅོད་འདི་ནི་ཧ་ཅང་སྒྲུབ་དཀའ་བའི་བྱ་བ་ཞིག་ཡིན་པ་དགོངས་ངེས་ཡིན།  ཡིན་ཡང༌། ངས་ཚོར་བའི་ནང་གཏན་འཁེལ་བྱེད་ཐུབ་པ་གཅིག་ནི་གལ་ཏེ་ང་ཚོས་ད་ལྟ་རང་ཕྱིར་འབུད་བཏང་བ་དག་་ནི་དེ་སྔོན་གྱི་ལྷ་ཁང་དུ་བཞུགས་པའི་ཁོང་ཚོ་ལྟ་བུའི་རིགས་ཁོ་ན་ཡིན་ན། ཚན་རིག་གི་ལྷ་ཁང་འདི་འདྲ་ཞིག་གཏན་ནས་འབྱུང་མི་སྲིད་ཅིང༌། འདི་ནི་འཁྲི་ཤིང་དང་ལྟོ་འགྲོའི་འབུ་སྲིན་གཅིག་པུས་ཁེངས་པའི་ནགས་ཚལ་ཞིག་ལས་ལྷག་ཡིན་མི་སྲིད། གང་ཡིན་ཞེ་ན། མི་བུ་འདི་ཚོ་གནད་འགག་ལ་ཐུག་དུས་བཟོ་སྐྲུན་པ་དང་གཞུང་ཞབས་པ། ཚོང་པ། ཡང་ན་ཚན་རིག་པ་བཅས་ཀྱི་བྱ་གཞག་གང་ཡིན་རུང་སྒྲུབ་ངེས་རེད། ཁོང་ཚོ་དེ་ལྟར་ཆགས་མིན་གནས་སྟངས་ལ་རག་ལས་ཡོད། ད་ནི་ང་ཚོས་ལྷའི་ཕོ་ཉའི་དགོངས་བཞེས་ཐོབ་པའི་མི་བུ་དེ་དག་གི་ཕྱོགས་ལ་བལྟ་བར་བྱ། ཁོང་ཚོ་མང་ཆེ་ཤོས་ཅུང་ཙམ་ཁྱད་མཚར་བ་དང་འབྲེལ་འདྲིས་བདེ་བོ་མེད་པ། གཅིག་པུ་སྡོད་པར་དགའ་བ་བཅས་ཡིན་ཞིང༌། ཁོང་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་ནའང་ཕན་ཚུན་ལ་དེ་ཙམ་དགའ་སྣང་མི་བྱེད། འོ་ན། ཅི་ཞིག་གིས་ཁོང་ཚོ་ཚན་རིག་གི་ལྷ་ཁང་དུ་ཁྲིད་བསླེབས་པ་རེད། དེ་ནི་དྲི་བ་ཁག་པོ་ཞིག་རེད་ལ། དེར་ལན་གཅིག་གིས་བརྗོད་མི་ཐུབ། སྐད་ཆའི་འགོ་འཛུགས་མ་བྱས་གོང་ལ་ཧྲོ་ཕན་ཧར་  Schopenhauer   ལགས་ཀྱིས་མི་རྣམས་སྒྱུ་རྩལ་དང་ཚན་རིག་གི་ལམ་ཆེན་སྟེང་ཞུགས་བཅུག་པའི་སྐུལ་འདེད་ཀྱི་སྒུལ་ཤུགས་ཆེས་ཆེ་ཤོས་ནི་བཟོད་ཐབས་བྲལ་བའི་དུས་རྒྱུན་གྱི་ཟུག་རྔུ་དྲག་པོ་དང་ཡིད་མུག་པའི་སྐྱ་ཆད་སྔོ་སྡུག་གི་འཚོ་བ། ཚིམ་པ་མེད་པའི་མི་སྒེར་གྱི་འདོད་དོན་གྱི་ལྕགས་སྒྲོག་བཅས་ལས་ཐར་དགོས་པ་དེ་རེད་ཅེས་གསུངས་པ་དེར་ངས་ཡིད་ཆེས་བྱེད་ཀྱི་ཡོད། རང་བཞིན་བཟང་པོ་ཡོད་མཁན་དག་གིས་རང་གི་མི་སྒེར་གྱི་འཚོ་བ་ནས་མྱོང་ཚོར་དང་བསམ་གཞིགས་ཀྱི་འཇིག་རྟེན་ལ་འགྲོ་བར་རེ་སྒུག་བྱེད་ཀྱིན་ཡོད། བསམ་འདུན་འདི་ནི་མི་ཞིག་གིས་ཟང་ཟིང་དང་ཅ་ཅོས་ཁེངས་པའི་གྲོང་རྡལ་ཞིག་ནས་ཁུ་སིམ་སིམ་གྱི་རི་ཁྲོད་ཅིག་ལ་སྨོན་པའི་འགོག་མེད་ཀྱི་རེ་བ་དང་བསྡུར་ཆོག  གནས་དེ་ནས་རང་གི་མིག་ཟུང་གིས་རང་དབང་ངང་འཇམ་ཐིང་ཐིང་གི་མཁའ་དབུགས་ལ་ལོངས་སྤྱོད་བྱེད་ཆོག་གི་རེད་ལ། དགའ་དགའ་སྤྲོ་སྤྲོ་ངང་ནས་བསྐལ་བ་ཇི་སྲིད་བར་བརྩིགས་པའི་ལྡིང་ཁང་དག་ལ་རྒྱང་ལྟ་བྱེད་ཆོག་གི་རེད།

ངན་ཕྱོགས་ཀྱི་ཀུན་སློང་འདི་དང་ལྷན་དུ་ཡག་ཕྱོགས་ཤིག་ཀྱང་ཡོད། མི་བུ་ཁོང་གིས་ཐོག་མར་རང་ལ་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་འོས་འཚམས་ཀྱི་ཆ་ལུགས་ཤིག་བཟོ་བར་འབད་བརྩོན་བྱེད་ཀྱི་ཡོད། དེའི་རྗེས་ཉམས་མྱོང་གི་འཇིག་རྟེན་ཞིག་གི་ཆེད་དུ་རང་གི་འཇིག་རྟེན་རྒྱ་སྐྱེད་བྱས་ཏེ་དེའི་ཚབ་དུ་འཇོག་པར་འབད་འབུངས་བྱེད། འདི་ལྟར་འཇིག་རྟེན་གྱི་འཚོ་བའི་གཡུལ་ས་ལས་རྣམ་པར་རྒྱལ་བར་ཧུར་བརྩོན་བྱེད་ངེས་ཡིན། འདི་ནི་རི་མོ་བ་དང་སྙན་ངག་པ། འཆར་ཡན་རྒོད་པའི་ལྟ་གྲུབ་སྨྲ་བ། རང་བྱུང་ཚན་རིག་པ་བཅས་ཀྱིས་རང་རང་གི་ཆ་ལུགས་ལྟར་ག་རེ་གནང་གི་ཡོད་པ་དེ་ཡིན། ཁོང་ཚོ་རེ་རེ་ནས་མི་སྒེར་ཉམས་མྱོང་གི་མཚོ་འཁོར་ནང་དུ་ཞི་བདེ་དང་བརྟན་ལྷིང་རྙེད་ཐུབ་ཀྱི་མེད་སྟབས་འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཁམས་འདི་དང་ཁོང་གི་བརྩེ་གདུང་གི་འཚོ་བའི་སྲོག་ཤིང་འདི་རྣམས་སྐྲུན་གྱིན་ཡོད།

གཞུང་ལུགས་དངོས་ཁམས་རིག་པའི་འཇིག་རྟེན་རི་མོ་ཡིས་འབྱུང་སྲིད་པའི་རི་མོ་འདི་དག་ཡོངས་རྫོགས་ནང་གོ་གནས་ཅི་ཞིག་བཟུང་གི་ཡོད་དམ། དེ་ཡིས་གྲངས་དངོས་རིག་པའི་བརྡ་ཆད་ཀྱི་མཚོན་དོན་ལྟར་འདི་དག་གི་འབྲེལ་ལམ་སྐོར་གྱི་ཞིབ་འབྲི་ཐད་ལ་ཆེས་མཐོ་བའི་ཚད་གཞི་ཏག་ཏག་ཅིག་ཡོང་བའི་དགོས་འདུན་འདོན་གྱི་ཡོད། ཕྱོགས་གཞན་ཞིག་ནས་ཁོང་གི་གླེང་གཞིའི་བརྗོད་བྱའི་སྐོར་ནས་བརྗོད་ན། དངོས་ཁམས་རིག་པ་བས་ངེས་པར་དུ་ཁོང་རང་ཉིད་ལ་ཚད་བཀག་ཧ་ཅང་ཆེན་པོ་ཞིག་བཟུང་དགོས་ཀྱི་ཡོད་དེ་ཁོང་གིས་ང་ཚོའི་ཉམས་མྱོང་གི་ཁྱབ་ཁོངས་འོག་ལེན་ཐུབ་པའི་དོན་རྐྱེན་ཆུང་ཚགས་རིགས་ཀྱི་ཞིབ་འབྲི་ཐད་ལ་ངེས་པར་དུ་འདོད་བློ་ཚིམས་དགོས་ཀྱི་ཡོད། ཅུང་རྙོག་འཛིངས་ཆེ་བའི་སྡེ་ཚན་བྱེ་བྲག་པ་ཞིག་གི་གལ་ཆེ་བྱུང་བ་དག་གཏན་ཚིགས་རིག་པའི་ཆ་དང་ཡོངས་སུ་མཐུན་པ་དང་ཞིབ་འབྲི་ཕྲ་ཞིབ་ཀྱི་སྒོ་ནས་བསྐྱར་སྐྲུན་བྱེད་རྒྱུ་ནི་འགྲོ་བ་མིའི་རྣམ་དཔྱོད་ཀྱི་སྟོབས་ཤུགས་ལས་བརྒལ་ཡོད། འོན་ཀྱང༌། གཞུང་ལུགས་དངོས་ཁམས་རིག་པས་གཏན་ཚིགས་ཀྱི་ཆ་ཡོངས་སུ་རྫོགས་པ་དང་ཞིབ་འབྲི་ཕྲ་མོ་ཡོང་བར་དགོས་འདུན་འདོན་གྱི་ཡོད། ཆ་ཚང་བ་ཡོང་བའི་ཆེད་དུ་ཡང་དག་པ་དང་ཁ་གསལ་བ། ངེས་གཏན་བཅས་ཡིན་དགོས། ཡིན་ཡང༌། ང་ཚོས་ཕྱོགས་གཅིག་ནས་ཅུང་ཙམ་ཕྲ་མོ་དང་རྙོག་འཛིངས་ཆེ་བའི་རིགས་རྒྱབ་དུ་བསྐྱུར་ཞོར་ཡང་ཕྱོགས་གཞན་ཞིག་ནས་ཤེས་བྱ་བྱེ་བྲག་པ་ཞིག་དཔྱིས་ཕྱིན་པ་ཡོང་བར་འདི་ལྟར་ཡིད་དབང་ཤོར་དགོས་པ་ཅི་ཞིག་རེད། ཚུལ་དང་མཐུན་པའི་འབད་བརྩོན་གྱི་ཐོན་སྐྱེད་འདི་ལྟ་བུ་ལ་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཅེས་པའི་མཚན་སྲོལ་གནང་ན་ཆོག་གམ།

ང་རང་གི་ཡིད་ཆེས་བྱེད་ཕྱོགས་ལྟར་ན་མཚན་སྲོལ་འདི་གནང་ཆོག་པ་བདེན་པ་ར་སྤྲོད་བྱས་འདུག གང་ཡིན་ཞེ་ན། གཞུང་ལུགས་དངོས་ཁམས་རིག་པ་བས་སྤྱིར་བཏང་གི་གཏན་སྲོལ་དག་གི་སྟེང་གཞིར་བཞག་པའི་དངོས་ཁམས་རིག་པའི་སྒྲོམ་གཞི་ཞིག་ཡིན་ན་རང་བྱུང་གི་སྣང་ཚུལ་ཅི་ཞིག་ཡིན་རུང་དེ་ཚོར་སྤྱོད་ཆོག་པར་རྗོད་ཀྱིན་ཡོད། ཁོང་ཚོར་མཚོན་ནས་བཤད་ན་ཡང་དག་པའི་རྗེས་དཔག་ཚད་མའམ་རྣམ་འབྱེད་རིག་པའི་ཐབས་ལམ་འདི་བརྒྱུད་ན་རྣམ་གཞག་དེ་འདྲ་ཞིག་འབྱུང་སྲིད་པར་འདོད་ཀྱི་ཡོད། ཡིན་ཡང༌། རྗེས་དཔག་ཚད་མའི་བརྒྱུད་རིམ་རེ་རེ་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ནུས་རྩལ་ལས་རྒྱང་དུ་བརྒལ་བ་ཞིག་ཡིན་མི་རུང༌། དེར་བརྟེན། དངོས་ཁམས་རིག་པ་བས་ཁོང་གི་འཇིག་རྟེན་ལ་བློས་གཏོང་ཆ་ཚང་གནང་བཞིན་པ་ནི་གཞི་རྩའི་ལྟ་གྲུབ་ཀྱི་གནད་དོན་ཞིག་མ་རེད།
དངོས་ཁམས་རིག་པ་བའི་ལས་འགན་ཆེས་ཆེ་ཤོས་ནི་འཇིག་རྟེན་ཡོངས་ཁྱབ་ཀྱི་གཞི་རྩའི་གཏན་སྲོལ་དག་གཏན་ལ་འབེབ་དགོས་པ་དེ་ཡིན། དེའི་ཐོག་ནས་ཡང་དག་པའི་རྗེས་དཔག་ཚད་མའི་ཐབས་ལམ་བརྒྱུད་ན་སྣང་སྲིད་ཀྱི་འཇིག་རྟེན་ཁམས་འདི་སྐྲུན་ཐུབ་ཀྱི་ཡོད། གཏན་སྲོལ་འདི་ཚོའི་ཕོ་བྲང་ལ་ཐད་ཀར་དུ་འགྲོ་ཆོག་པའི་གཏན་ཚིག་གི་ལམ་ཁ་ཞིག་མེད་མོད། གཟུང་འཛིན་གྱི་ཤེས་པ་ intuition  བརྒྱུད་ན་གཏན་སྲོལ་འདི་ཚོ་གཏན་ལ་འབེབ་ཐུབ་ཀྱི་ཡོད། ངེས་གཏན་མེད་པའི་ཐབས་ལམ་འདིའི་ནང་དུ་ང་ཚོས་འབྱུང་སྲིད་པའི་གཞུང་ལུགས་དངོས་ཁམས་རིག་པའི་ལམ་ལུགས་གང་རུང་འདྲ་མཉམ་གྱི་ཐོག་ནས་བདེན་པ་ར་སྤྲོད་བྱས་ཆོག་པའི་ཆ་འཇོག་བྱེད་ངེས་པ་རེད། གཞུང་ལུགས་ཀྱི་སྒང་ནས་བརྗོད་ན། བསམ་ཚུལ་འདི་ནི་ཡང་དག་པ་ཡིན་པར་ཐེ་ཚོམ་ཡོད་པ་མ་རེད། ཡིན་ནའང༌། དངོས་ཁམས་རིག་པའི་འཕེལ་རྒྱས་ཀྱིས་ང་ཚོར་དཔེ་མཚོན་གསོན་པོ་ཞིག་བསྟན་ཡོད་པ་ནི་མི་སྒེར་ཞིག་གིས་དུས་རྒྱུན་དུ་རང་ཉིད་ནི་གཞན་དག་ཡོད་ཚད་ལས་ཁྱད་དུ་འཕགས་པ་ཡིན་པའི་ཐག་གཅོད་བྱས་ཡོད་པ་དེ་རེད། གནད་དོན་འདིར་དངོས་གནས་ཞིབ་འཇུག་གཏིང་ཟབ་པོ་བྱེད་མཁན་ཞིག་ཡིན་ན་ལག་ལེན་གྱི་ཁྲོད་དུ་སྣང་ཚུལ་གྱི་འཇིག་རྟེན་གྱིས་གཞུང་ལུགས་ཀྱི་ལམ་སྲོལ་ཐག་གཅོད་བྱེད་ཆོག་པའི་ཁས་ལེན་བྱེད་མཁན་སུ་ཡང་མེད། དོན་དངོས་སུ་སྣང་ཚུལ་དག་དང་ཁོང་ཚོའི་གཞུང་ལུགས་ཀྱི་ལྟ་གྲུབ་བར་ལ་གཏན་ཚིགས་ཀྱི་ཟམ་པ་མེད། འདིའི་སྐོར་ལ་  Leibnitz ཡིས་ ״འཆམ་མཐུན་གྱི་སྔོན་འགྲོའི་འཛུགས་སྐྲུན་״  ཞེས་པའི་ཞིབ་འབྲི་ཡག་པོ་ཞིག་གནང་ཡོད། དངོས་ཁམས་རིག་པ་བས་ཚད་མ་རིག་པ་མཁས་པ་དག་གིས་བདེན་དོན་འདི་ལ་འདང་ངེས་ཀྱི་དོ་སྣང་ཞིག་སྤྲོད་ཀྱི་མི་འདུག་ཅེས་རྒྱུན་དུ་སྐྱོན་བརྗོད་བྱེད་བཞིན་ཡོད། ལོ་ངོ་ཁ་ཤས་ཤིག་གི་སྔོན་དངོས་ཁམས་རིག་པ་བ་ཕུ་ལན་ཁུ་དང་མཱ་ཆི་བར་བྱུང་བའི་རྩོད་རྙོག་གི་རྩ་བ་འདི་ལ་ཐུག་ཡོད་པར་ཁོ་བོས་སྙམ། 

״འཆམ་མཐུན་གྱི་སྔོན་འགྲོའི་འཛུགས་སྐྲུན״ འདི་ལ་ལྟ་འདོད་ཀྱི་རེ་སྒུག་ཧ་ཅང་ལྗིད། འདི་ནི་འགྱུར་བ་མེད་པའི་བཟོད་བསྲན་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། སྙིང་ཉེ་བའི་སྐུ་ཞབས་ཕུ་ལན་གྱིས་ཀྱང་འདི་གཉིས་དང་ལྷན་དུ་ཁོང་རང་ཉིད་ཀྱི་མི་ཚེ་ཧྲིལ་བོ་ཚན་རིག་གི་སྤྱིར་བཏང་གི་དཀའ་ངལ་དག་སེལ་བར་རང་ནུས་ཡོད་རྒུ་འདོན་བཞིན་ཡོད་པ་ང་ཚོ་ཚང་མས་མཐོང་གསལ་རེད། ཁོང་གིས་དུས་རྒྱུན་དུ་རང་ཉིད་ཐོབ་སླ་བའི་འབྲས་བུ་དག་གི་བསླུ་བྲིད་འོག་ཚུད་འཇུག་གིན་མེད། ལས་གྲོགས་ཚོས་ཁོང་གི་ལྟ་ཚུལ་འདི་ནི་ཁོང་གི་ཐུན་མིན་གྱི་སེམས་ཤུགས་དང་སྒྲིག་ཁྲིམས་ལ་བརྟེན་ནས་བྱུང་བ་ཡིན་པ་བརྗོད་པར་འབད་བརྩོན་གནང་གི་ཡོད་པ་ཁོ་བོས་རྒྱུན་དུ་གོ་ཐོས་འབྱུང་གི་འདུག ངའི་བསམ་ཚུལ་ཡིན་ན་དེ་ནི་ནོར་འདུག  མི་ཞིག་གིས་འདི་ལྟ་བུའི་བྱ་གཞག་ཅིག་སྒྲུབ་ཐུབ་པའི་སྐབས་ཀྱི་བསམ་བློའི་གནས་སྟངས་དེ་ཆོས་དད་བྱེད་མཁན་ཞིག་དང་ཡང་ན་དགའ་རོགས་ཤིག་གི་བསམ་བློའི་གནས་སྟངས་དང་འདྲ་མཚུངས་སུ་ཡོད། དུས་རྒྱུན་གྱི་རྩོལ་བ་དེ་བྱ་འགུལ་དང་བསམ་ཞིབ་སྔོན་དུ་སོང་ནས་ཡོང་བ་མིན་པར་ཐད་ཀར་སེམས་ནང་ནས་ཡོང་གི་ཡོད། ང་ཚོའི་བརྩེ་ལྡན་གྱི་སྐུ་ཞབས་ཕུ་ལན་ཁི་ཕ་གིར་བཞུགས་འདུག  ང་ཡི་  (Diogenes ་ལགས་ཀྱི་ Lantern ལ་རྩེད་མོར་རོལ་བའི་) བྱིས་པའི་བྱ་སྤྱོད་ལ་ཁོང་འཛུམ་ཤིག་ཤིག་བྱེད་བཞིན་འདུག ང་ཚོས་ཁོང་ལ་བཅངས་བའི་བརྩེ་སེམས་ལ་འགྲེལ་བཤད་ཞིབ་ཕྲ་གནང་དགོས་ཀྱི་མ་རེད། ཁོང་རང་ཉིད་ཀྱིས་དེང་དུས་དངོས་ཁམས་རིག་པའི་དཀའ་ངལ་ཧ་ཅང་གལ་ཆེན་པོ་མང་པོ་ཞིག་ལ་ཐེར་འདོན་དང་ལྷན་དུ་གསེད་འགྲོལ་བྱས་དང་བྱེད་བཞིན་ཡོད་པ་རེད། ད་དུང་ཡང་ཁོང་གིས་ཚན་རིག་ལ་བཅངས་པའི་དུང་ཞེན་གྱི་འོད་སྣང་གིས་མུ་མཐུད་ཁོང་གི་འབྱུང་འགྱུར་གྱི་བགྲོད་ལམ་ཇེ་གསལ་དུ་གཏོང་བའི་སྨོན་ལམ་དང་ཆབས་ཅིག་ཁོང་གི་ཚད་རྡུལ་འགུལ་ཤུགས་རིག་པ་དང་གཏན་ཚིགས་ཀྱི་ལམ་ལུགས་བར་གྱི་ཟླ་སྒྲིལ་དེ་ལེགས་འགྲུབ་ཡོང་བའི་སྨོན་ལམ་འདེབས།

(* གཏན་ཚིགས་ཀྱི་ལམ་ལུགས་དེའི་ནང་དུ་འགུལ་གློག་ electrodynamics  དང་འཕྲུལ་ཆས་རིག་པ་གཉིས་མཉམ་དུ་འདུས་ཡོད།)


No comments:

Post a Comment