Sunday, March 18, 2012


རྒྱ་ནག་གི་རྩོམ་པ་པོ་ཚོར་ནོའུ་པེལ་བྱ་དགའ་མ་ཐོབ་པའི་གནས་ལུགས་དམར་ཧྲེང་མ་བདུན།
       ཚའོ་ཁྲང་ཆིན་གྱིས་བརྩམས། མང་རའི་གངས་ཐིགས་ཀྱིས་བསྒྱུར།


ལུའུ་ཞུན་གྱིས་ཐེངས་ཤིག་ལ་   "ངས་རྒྱ་ནག་ནང་དངོས་གནས་ནོའུ་པེལ་བྱ་དགའ་ཐོབ་འོས་པའི་མི་སུ་ཡང་མི་འདུག་བསམ་གྱིན་ཡོད། སི་ཝེ་ཊན་གྱིས་ང་ཚོ་སྣང་མེད་དུ་བསྐྱུར་ན་ཡག་ཤོས་རེད། གལ་ཏེ་གདོང་པགས་སེར་བོའི་མི་དམངས་ལ་ཕྱོགས་ཞེན་གྱི་མནོ་བསམ་འོག་ནས་བྱ་དགའ་གནང་བ་ཡིན་ན། དེ་ཡིས་ཁོང་ཚོས་དངོས་གནས་ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་དེ་ཚོར་དང་ལྷན་དུ་མཉམ་འགྲོ་བྱེད་ནུས་པའི་ཡིད་ཆེས་ཤིག་བསྐྲུན་ངེས་ཤིང༌། དེ་ཡིས་རྒྱ་མིའི་རང་ཕན་རང་ལུགས་ཁོ་ནར་སྐུལ་འདེད་གཏོང་ངེས། དེའི་མཇུག་འབྲས་ཡག་པོར་གཏན་ནས་འགྱུར་མི་སྲིད།ཅེས་བརྗོད་ཡོད་པ་རེད།
ནོའུ་པེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིས་རེས་གཟའ་པ་སངས་ཉིན་དུས་རབས་གཅིག་གི་ནོའུ་པེལ་རྩོམ་རིག་བྱ་དགའ་མཐའ་མ་དེ་རྗར་མན་གྱི་རྩོམ་པ་པོ་གྷན་ཊིར་གྷུ་ར་སི་ལ་གནང་སྟེ་དུས་རབས་འདིའི་རྩོམ་རིག་གྲགས་ཅན་ཞིག་ལ་ངོས་འཛིན་བྱས་སོང༌། དེ་ཡིས་འཛམ་གླིང་ཕྱོགས་གང་སར་བརྡ་ལན་མང་པོ་ཞིག་སྤྲད་ཡོད་ལ་དེ་ལས་ང་ཚོས་གསལ་གསལ་ཐིང་ཐིང་གིས་གོ་ཐུབ་པ་ནི་མི་དམངས་མང་པོའི་སྐད་སྒྲ་མ་ཡིན་པར་རྒྱ་མི་ཚོའི་འབོད་སྒྲ་ཡིན་ངེས་རེད། ཁོ་ཚོས་ནོའུ་པེལ་གཟེངས་རྟགས་ཀྱི་ལས་འགུལ་འདི་སྤེལ་ནས་ལོ་ངོ་བརྒྱ་ཕྲག་དང་པོ་འགོར་བའི་དུས་ཡུན་རིང་རྒྱ་ནག་གི་རྩོམ་པ་པོ་ཚོར་ཅིའི་ཕྱིར་མ་རེག་པ་རེད་ཟེར།
འཛམ་གླིང་མི་འབོར་གྱི་ལྔ་ཆའི་གཅིག་ཟིན་ཅིང་རིག་གཞུང་དང་སྲོལ་རྒྱུན་རྩོམ་རིག་གི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཏིང་ཟབ་པའི་རྒྱ་ནག་འདི་འཛམ་གླིང་རྒྱལ་ཁབ་གཞན་དག་དང་བསྡུར་ན་འབྲི་རྩོམ་གྱི་ངལ་རྩོལ་ལ་དུང་ཞེན་དང་ལས་རིགས་འདི་དང་དུ་ལེན་མཁན་གྱི་མི་འབོར་མང་པོ་ཡོད་ངེས་པ་རེད།
ཡིན་ནའང༌། ཅིའི་ཕྱིར་རྒྱ་མི་རྩོམ་པ་པོ་ཚོར་ནོའུ་པེལ་བྱ་དགའ་མ་ཐོབ་པ་རེད། དེ་ལ་རྒྱུ་མཚན་མང་པོ་ཡོད་སྲིད་མོད། བསམ་བློ་གཏོང་རིན་ཡོད་པ་དག་གཤམ་གསལ་ལྟར།

ཆབ་སྲིད་ཀྱིས་རྩོམ་རིག་ལ་བཙན་འཛུལ་བྱས་པ།

ནོའུ་པེལ་རྩོམ་རིག་བྱ་དགའ་འདི་དུས་རབས་འདིའི་ནང་འགོ་བཙུགས་ཡོད་ལ། རྒྱ་ནག་གི་ཆབ་སྲིད་ཀྱི་རྩོམ་རིག་ཀྱང་དེ་མཚུངས་ཡིན། སྤྱི་ལོ་༡༩༢༠ ལོའི་འགོ་སྟོད་ནས་བཟུང༌། རྩོམ་པ་པོ་དང་མཁས་པ་དཔེར་ན་ཧུའུ་ཧྲི་ལྟ་བུ་དག་གིས་རྒྱ་ཡིག་འདི་དེང་རབས་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁོང་ཚོས་དེ་ལྟར་བགྱིས་པའི་དམིགས་ཡུལ་ནི་རྩོམ་རིག་ལ་གསར་བརྗེ་ཞིག་བྱུང་ན་བསམས་པ་རེད། ཡིན་ནའང༌། མི་རིང་བར་འདི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཏུ་གྱུར་ཏེ་ "རྒྱལ་ཁབ་ཉེན་ཁ་ལས་བསྐྱབས་ནས་སྟོབས་ལྡན་ཅན་དུ་བསྒྱུར་དགོས་ཞེས་པར་དམིགས་པ་རྩེ་གཅིག་ཏུ་གཏད་ཡོད། དེ་ནས་རིང་བོ་མ་འགོར་བར་རྒྱལ་གཅེས་ཀྱི་གཡུལ་འཁྲུག་དེ་རི་འགོག་དམག་འཁྲུག་ལ་ངོ་རྒོལ་ཞེས་པའི་ལས་འགུལ་འོག་བཅུག་ཡོད། དེའི་འབྲས་བུ་ལ་ "རི་པན་ལ་ངོ་རྒོལ་བྱས་ཏེ་རྒྱལ་ཁབ་སྐྱོབ་དགོས་ཞེས་པ་དེ་རྩོམ་པ་པོ་མང་ཤོས་ཀྱི་འབོད་ཚིག་ཏུ་གྱུར་ཡོད་ཅིང༌། "རྒྱལ་ཁབ་སྲུང་སྐྱོབ་ཀྱི་རྩོམ་རིག"་ཏུ་གྲགས་པ་དེའང་དུས་ཡུན་གང་འཚམ་རིང་དར་སྲོལ་ཆེན་པོར་ཆགས་ཡོད། རི་འགོག་དམག་འཁྲུག་མཇུག་བསྒྲིལ་མ་ཐག་གོ་མིན་ཏང་དང་གུང་ཁྲན་ཏང་བར་ནང་ཁུལ་ལ་དམག་འཁྲུག་ལངས་ཏེ་རྩོམ་རིག་དབང་སྒྱུར་བྱ་བར་འགྲན་རྩོད་བྱས་ཡོད་ལ། རྩོམ་པ་པོ་མང་ཆེ་ཤོས་ཆབ་སྲིད་ཅན་གྱི་རྩོམ་རིག་ལ་དགའ་བཞིན་སྤྲོ་བཞིན་དུ་ཞུགས་ཡོད།

དམར་ཕྱོགས་ཚོགས་པས་རྒྱ་ནག་དབང་སྒྱུར་གནང་རྗེས་རྩོམ་པ་པོ་ཚོའི་གསར་སྐྲུན་གྱི་རང་དབང་འཕྲོག་ཡོད་པ་མ་ཟད། དམར་ཕྱོགས་ཀྱི་ལྟ་བའི་སྒྲོམ་གཞི་དང་འཚམ་དགོས་པར་བཟོས་ཡོད། རྒྱ་ནག་གི་ཆེས་ཕུལ་བྱུང་བརྩམས་ཆོས་དཔེར་ན་"དྲག་ཆར་རླུང་འཚུབདང་ "དར་དམར་དམར་པོ" "ལང་ཚོའི་གཏམ་རྒྱུད་བཅས་ཀྱིས་འདས་པའི་བགྲང་བྱ་ལྔ་བཅུའི་རིང་གི་རྒྱ་ནག་གི་རྩོམ་རིག་གི་ཁྱད་ཆོས་མཚོན་ཡོད། དེ་དག་ནི་སྤྱི་ཚོགས་ཀྱི་ཆ་འཕྲིན་དང་དམར་ཕྱོགས་རིང་ལུགས་ཀྱི་ལྟ་བའི་རྩོམ་རིག་གི་དྲིལ་བསྒྲགས་པ་ཡིན། རྩོམ་པ་པོ་ཚོ་ཆབ་སྲིད་རིག་པའི་བཙན་དབང་འོག་ནས་དམར་ཕྱོགས་ཚོགས་པའི་གཡོག་པོ་བྱེད་དགོས་བྱུང་ཡོད། ཞིབ་ཚགས་པའི་སྒོ་ནས་སྲིད་ཇུས་སུ་བསྒྱུར་བའི་ཤེས་རབ་ཀྱི་མཁའ་དབུགས་འདིའི་འོག་ནས་རྩོམ་པ་པོ་ཚོས་རིམ་བཞིན་ཁོང་ཚོའི་རང་དོན་རིང་ལུགས་དང་མི་གཤིས། ཚོར་ནུས་བཅས་བརླགས་ཡོད། མའོ་ཡི་དུས་སྐབས་སུ་རྩོམ་རིག་བརྩམས་ཆོས་མང་ཆེ་ཤོས་ཀྱིས་འགྲོ་བ་མིའི་རིན་ཐང་དག་གི་དར་སྤེལ་ཚབ་ལ་གསར་བརྗེའི་སྙིང་སྟོབས་སྤེལ་གནང་ཡོད། འདས་པའི་ལོ་ངོ་ཉི་ཤུའི་ནང་རྒྱ་ནག་གི་བྲིས་རྩོམ་ནང་དུ་གསར་བརྗེའི་མི་སྣ་དག་ཉུང་དུ་བཏང་ཡོད་ནའང་ཡུན་རིང་བོའི་ཆབ་སྲིད་དབང་སྒྱུར་གྱི་ "གསར་བརྗེའི་བརྗོད་བྱ་དག་གིས་རྒྱ་ནག་གི་རྩོམ་པ་པོ་ཚོའི་༼་ ༽ལ་གདོང་ལེན་གྱིས་ནུས་ཤུགས་ལ་འགོག་རྐྱེན་བཟོས་ཡོད། ༼ ༽ནི་ཕུལ་བྱུང་རྩོམ་རིག་གི་རྒྱུ་ཆ་ཡིན་པ་འཛམ་གླིང་སྤྱི་ཡོངས་ཀྱིས་ཁས་ལེན་གྱིན་ཡོད།

རྒྱ་ནག་གི་རྩོམ་པ་པོ་ཁོ་རང་ཚོས་འདི་ཧ་གོ་ཡི་མེད་པ་འདྲ། འདས་པོ་རྩོམ་པ་པོ་དང་ཨ་ལེ་སེད་སི་ཡིག་སྒྱུར་བ་ཞའོ་ཆིན་གྱིས་ནོའུ་པེལ་ལྷན་ཚོགས་ཀྱིས་རྒྱ་ནག་གི་རྩོམ་རིག་ནང་གི་ཞིང་པ་དང་ལས་བཟོ་བ་དག་གི་དཔའ་བོའི་སྣང་བརྙན་རྟོགས་ཀྱི་མི་འདུག་ཅེས་སྨྲེ་སྔགས་བཏོན་འདུག་ལ། མི་རབས་གསར་བའི་ན་གཞོན་རྩོམ་པ་པོ་བང་ཨན་ཡུས་ཀྱིས་ཀྱང་ཉེ་ཆར་ཀྲང་ཨད་ལིན་ལ་མོ་རང་གིས་འབྱོར་ལྡན་གྲལ་རིམ་དག་གི་བསམ་བློའི་འདུ་ཤེས་ཁོ་ན་འབྲི་གིན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག ཐ་དད་པའི་མི་རབས་གཉིས་ཀྱི་རྩོམ་པ་པོ་གྲགས་ཅན་གཉིས་ཀས་རྩོམ་རིག་གི་གོ་དོན་དང་དགོས་དམིགས་ད་དུང་རྟོགས་ཀྱི་མེད་པ་འདྲ། དེ་ནི་ཧ་ཅང་ཁྱད་མཚར་བ་ཞིག་རེད། གལ་ཏེ་འཆར་སྣང་བྲིས་རྩོམ་གྱི་བརྗོད་བྱ་དག་གིས་ངེས་པར་དུ་སྤྱི་ཚོགས་སྡེ་ཚན་ངེས་ཅན་ཞིག་གམ་རིན་ཐང་ཁྱད་པར་བ་དག་འགྲེམས་སྟོན་བྱེད་དགོས་ན་རྩོམ་རིག་ནི་ཆབ་སྲིད་རིག་པ་ལ་བསྒྱུར་ཚར་བ་རེད།

རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་གི་བྲན་བཀོལ་རིང་ལུགས།

ཡིན་ནའང༌། རྒྱ་ནག་ལ་ནོའུ་པེལ་རྩོམ་རིག་བྱ་དགའ་ཐོབ་མ་ཐུབ་པའི་ཕམ་ཁའི་གནད་དོན་གཙོ་བོ་དེ་ཆབ་སྲིད་རིག་པ་གཅིག་པུར་ཁག་འགེལ་མི་རུང༌། དེ་མིན་དམར་ཕྱོགས་རིང་ལུགས་ཀྱི་རྒྱལ་ཁབ་ཟུར་བ་ཨུ་རུ་སི་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྩོམ་པ་པོ་དང་སྙན་ངག་པ་ལྔ་ལ་ཅིའི་ཕྱིར་ཆེ་མཐོང་གཟེངས་རྟགས་དེ་ཐོབ་པ་རེད། ཨུ་རུ་སི་མཉམ་འབྲེལ་རྒྱལ་ཁབ་ཀྱང་རྒྱ་ནག་ནང་བཞིན་རིག་གཞུང་དེ་སྲིད་ཇུས་སུ་བསྒྱུར་བ་དང་ལམ་ལུགས་དེ་ཆབ་སྲིད་རིག་པ་རུ་བསྒྱུར་བའི་རྒྱལ་ཁབ་ཅིག་ཡིན། དམར་ཕྱོགས་རིང་ལུགས་ཀྱི་དབང་སྒྱུར་འོག་མེད་པའི་ཐེ་ཝན་ལ་མི་འབོར་ས་ཡ་ཉེར་གཉིས་ཡོད་ནའང་ཅིའི་ཕྱིར་ནོའུ་པེལ་གཟེངས་རྟགས་ལེན་མཁན་གྱི་མི་སྣ་ཞིག་སྐྱེད་སྲིང་བྱེད་མ་ཐུབ་པ་རེད། དེ་ལས་ལྡོག་སྟེ་མི་འབོར་ཉུང་ངུ་ལས་མེད་པའི་ཨོ་སུ་ཊི་རེ་ཡ་ཡིས་ཅིའི་ཕྱིར་སྐྱེད་སྲིང་བྱེད་ཐུབ་པ་བྱུང་ཡོད་པ་རེད།

དོན་དངོས་སུ་རྒྱ་ནག་གིས་ལོ་ངོ་བརྒྱ་ཕྲག་ཙམ་མ་ཡིན་པར་འདས་པའི་ལོ་ངོ་ཉིས་སྟོང་རིང་གི་ལོ་རྒྱུས་ནང་འཛམ་གླིང་སྤྱི་ཡོངས་ནས་ངེས་ལེན་བྱས་པའི་ཕུལ་བྱུང་གི་རྩོམ་རིག་སྒྱུ་རྩལ་གང་ཡང་ཐོན་སྐྱེད་བྱེད་ཐུབ་མེད། དེར་བརྟེན། དམར་ཕྱོགས་རིང་ལུགས་ཁོ་ན་ལ་ངན་ཁག་དཀྲིས་པ་ཙམ་ཀྱིས་འགྲིག་གིན་མེད། དེ་རུ་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་ཆེན་པོ་མང་པོ་ཞིག་ཡོད།

རྒྱ་ནག་གི་འདས་པའི་ལོ་ངོ་ཉིས་སྟོང་རིང་གི་ལོ་རྒྱུས་ནང་དུ་རིག་གཞུང་ཕྱོགས་ཞེན་གྱིས་ནམ་རྒྱུན་དུ་རྒྱལ་ཁབ་དང་མི་རིགས། མི་དམངས་མཉམ་བསྡེབས་ཀྱི་ལྟ་ཚུལ་དག་མི་ཚེའི་རིན་ཐང་དང་མི་ཚེའི་ཆེ་མཐོང༌། མི་སྒེར་གྱི་རང་དབང་བཅས་ཀྱི་སྒང་ལ་འཇོག་གི་ཡོད། འདི་ལྟ་བུའི་རིན་ཐང་ཕྱོགས་ཞེན་འདི་ནི་མེད་དུ་མི་རུང་བའི་རྩོམ་རིག་སྒྱུ་རྩལ་གྱི་འཚོལ་སྙེག་སྟེ་འཚོ་བའི་སྙིང་བོ་དང༌། མི་སྒེར་གྱི་འཚོ་བའི་རིན་ཐང༌། བརྩེ་བ། སྡུག་བསྔལ། བྱམས་བརྩེ་སོགས་ལ་རྩོད་རྙོག་འབྱུང་གི་ཡོད། རིག་གཞུང་ཞིག་གི་རིན་ཐང་གཙོ་བོ་དེ་འགྲོ་བ་མི་སྒེར་གྱི་སྟེང་ལ་དམིགས་སུ་བཟུང་མེད་དུས། དེ་རུ་མི་བུ་སྒེར་བ་ཞིག་མེད་ལ། མི་བུ་རེ་རེ་ནི་རང་ཚུགས་མེད་པའི་མི་དམངས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད། རང་དོན་རིང་ལུགས་མེད་པའི་རིག་གཞུང་ཞིག་གི་ནང་ནས་མི་བུ་བྱེ་བྲག་པའི་ཁྱད་ཆོས་མཚོན་པའི་སྒྱུ་རྩལ་རྩོམ་རིག་ཅིག་འབྱུང་བར་བསམ་རྒྱུ་ནི་ཧ་ཅང་གི་ཁག་པོ་རེད། མི་སྒེར་དྲག་གནོན་གྱི་རིག་གཞུང་ཞིག་གི་ནང་འཇིག་རྟེན་ཀུན་ཁྱབ་ཀྱི་བསམ་བློ་ཞིག་རྙེད་ཀྱི་མེད་པ་ཁས་མི་ལེན་ཐབས་མེད་རེད། དེར་བརྟེན། འདི་ལྟ་བུའི་རིག་གཞུང་ཞིག་གིས་འཇིག་རྟེན་ཡོངས་ཁྱབ་ཀྱི་གནས་སྟངས་མཚོན་ཐུབ་པའི་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་རྩོམ་རིག་ཅིག་ཐོན་སྐྱེད་བྱེད་མི་ནུས་པ་ལས་ཀྱིས་བསྐོས་ཡོད་པ་རེད།

རྩོམ་རིག་གི་ཞིང་ས་དབེན་པ།

རྩོམ་འབྲི་མཁན་མང་ཆེ་ཤོས་ཀྱིས་གཞན་རྩོམ་བཀླགས་ཏེ་སོ་སོའི་འབྲི་རྩལ་སྦྱོང་གི་ཡོད། ཁོང་ཚོར་རྩོམ་རིག་དང་སྙུ་གུ་བརྡར་སའི་ཁོར་ཡུག་ཅིག་དང་གཞན་དག་གིས་ཁོང་ཚོའི་མ་སྐད་དང་རིག་གཞུང༌། སྤྱི་ཚོགས་ཀྱི་གནད་དོན་དག་ཇི་ལྟར་མཚོན་གྱི་ཡོད་པར་བལྟ་དགོས་ཀྱི་ཡོད། འདི་འགྲུབ་ཆེད་གཙོ་བོ་ཁོང་ཚོ་སོ་སོའི་སྲོལ་རྒྱུན་གྱི་རྩོམ་རིག་ལ་ཉེ་བར་བཅར་དགོས་ཀྱི་ཡོད།
སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གི་རྩོམ་པ་པོ་ཚོར་ཕ་མེས་ནས་བརྒྱུད་པའི་རྩོམ་རིག་གི་ཐོབ་སྐལ་མེད་པའི་སྡུག་བསྔལ་མྱོང་གིན་ཡོད། རྒྱ་ནག་གི་ཆེས་ཕུལ་བྱུང་བརྩམས་ཆོས་མང་ཆེ་ཤོས་གནའ་བོའི་ཡིག་སྐད་རྩོམ་ཡིག་ནང་བྲིས་ཡོད། དེང་རབས་ཀྱི་རྩོམ་པ་པོ་ཚོས་དེ་དག་ཀློག་གི་མེད་ལ་སྐད་ཡིག་དེ་ལྟ་བུའི་ནང་རྩོམ་ཡིག་འབྲི་གིན་ཡང་མེད་སྟབས་དེ་ལས་ཁེ་ཕན་ཅི་ཡང་ཐོབ་ཀྱི་མེད། རྒྱ་ནག་གི་ཕུལ་བྱུང་གནའ་རྩོམ་དག་དེང་དུས་རྒྱའི་སྐད་ཡིག་ལས་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་སྟབས། རྩོམ་པ་པོ་ལིན་ཡུའུ་ཐང་གིས་
"སེམས་ཁམས་རིག་པའི་ཐད་ནས་བརྗོད་ན། རྒྱ་ནག་གི་གནའ་བོའི་ཡིག་སྐད་རྩོམ་ཡིག་སྦྱོང་བ་ནི་ཕལ་ཆེར་ཕྱིའི་སྐད་ཡིག་ཅིག་སྦྱོང་བ་དང་འདྲ་ཞེས་བརྗོད་ཡོད།
ཕྱེད་ཀ་གནའ་རྩོམ་དང་ཕྱེད་ཀ་དེང་དུས་རྒྱའི་སྐད་ཡིག་ནང་ཡོད་པའི་བརྩམས་ཆོས་ཀློག་ནུས་པ་ཁ་ཤས་ཤིག་ཡོད་པ་དཔེར་ན། ཐོག་ཁང་དམར་བོའི་རྨི་ལམ་དང་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད། ཆུ་ངོགས་གཏམ་རྒྱུད་བཅས་ཡིན། འདི་དག་གིས་དེང་དུས་ཀྱི་རྒྱའི་རྩོམ་པ་པོ་དག་ལ་རྩོམ་རིག་གི་འཚོ་བཅུད་ཅུང་ཟད་མཁོ་སྤྲོད་བྱས་ཡོད་པ་ར་སྤྲོད་གནང་ཡོད། འདི་དག་ལས་ཆེས་ཕུལ་དུ་བྱུང་བ་ཐོག་ཁང་དམར་བོའི་རྨི་ལམ་ནང་མི་སྣ་དང་ཁོར་ཡུག་གི་ཞིབ་འབྲི་ཆེས་ཕུལ་དུ་བྱུང་བ་ཡིན་ནའང་འགྲོ་བ་མིའི་ཆེས་ཟབ་པའྀ་ཚོར་སྣང་ལ་དཔྱད་ཞིབ་གནང་ཐུབ་མེད། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་དང་ཆུ་ངོགས་གཏམ་རྒྱུད་གཉིས་ནི་མི་དམངས་ནང་གྲགས་ཆེ་བའི་རྟོག་སྒྲུང་ཡིན་པ་ལས་རྩོམ་རིག་གི་སྒྱུ་རྩལ་ཐད་ནས་གླེང་དོན་ཅི་ཡང་ལྷག་མེད། དེར་བརྟེན། རྒྱ་ནག་གི་དེང་རབས་རྩོམ་རིག་གི་ཕ་ཤུལ་བུ་འཛིན་གྱི་རྒྱུ་ནོར་ནི་གྲངས་འབོར་དང་སྤུས་ཚད་གཉིས་ཀའི་ཐད་ནས་དཀོན་པོ་ཆགས་ཡོད།

ཨུ་རུ་སི་མཉམ་འབྲེལ་རྒྱལ་ཁབ་དང་རྒྱ་ནག་གི་དམར་ཕྱོགས་རིང་ལུགས་པའི་ཆབ་སྲིད་རིག་པའི་བར་ལ་འདྲ་མཚུངས་ཀྱི་ཆ་ཡོད་པའི་སྟེང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དམིགས་ཡུལ་གྱི་ཆེད་དུ་བཙན་དབང་གི་སྒོ་ནས་རྩོམ་རིག་དང་ལེན་བྱེད་དགོས་བྱུང་ཡོད་ནའང༌། ཨུ་རུ་སི་ནང་ནོའུ་པེལ་རྩོམ་རིག་གཟེངས་རྟགས་ལེན་མཁན་གྱི་མི་སྣ་ལྔ་བྱུང་བར་འདི་ཡིས་བཀག་འགོག་ཅི་ཡང་བྱས་མེད། འདིའི་རྒྱུ་མཚན་ནི་རཱ་ཤི་ཡ་ཡི་རྩོམ་རིག་གི་སྲོལ་རྒྱུན་ཕྱུག་པོ་ཡིན་པ་བརྗོད་ག་ལ་དགོས། རཱ་ཤི་ཡ་ཡི་རྩོམ་པ་པོ་ཚོར་ཁོང་ཚོའི་སྲོལ་རྒྱུན་གྱི་རྩོམ་པ་པོ་གྲགས་ཅན་དཔེར་ན་ཕུའུ་ཞི་ཁིན། གྷོ་གྷོལ། ཐིར་གྷེ་ནེ་བུ། ཊོལ་སུ་ཊོ་ཡེ། སྒྲོ་སུ་ཊོ་སོགས་ཀྱིས་ཤུལ་དུ་རྩོམ་རིག་གི་ནོར་སྐལ་འབེལ་འབེལ་ལྷུག་ལྷུག་བཞག་ཡོད། རཱ་ཤི་ཡ་ཡི་རྩོམ་རིག་ནི་འཛམ་གླིང་ཡོངས་ནས་གདེང་འཇོག་བྱས་ཡོད། ཡིན་ནའང༌། རྒྱ་ནག་གི་རྩོམ་རིག་ནི་རྒྱ་ནག་ཁོ་ནའི་ནང་ངོས་ལེན་བྱེད་ཀྱིན་ཡོད། མཚམས་མཚམས་སུ་ཨ་མེ་རི་ཀའི་དཔེ་ཚོང་ཁང་དག་ཏུ་ང་ཚོས་ཐོག་ཁང་དམར་བོའི་རྨི་ལམ་གྱི་དབྱིན་འགྱུར་མ་མཐོང་སྲིད་པ་རེད། ཡིན་ནའང༌། མི་སུ་ཞིག་གིས་ཀྱང་ཚའོ་ཞོའོ་ཆིན་སུ་ཡིན་མིན་ཤེས་ཀྱི་མེད།

རྩོམ་རིག་གི་ནོར་སྐལ་དཀོན་པ་དེ་ཡིས་རྒྱ་ནག་གི་རྩོམ་པ་པོ་ཚོའི་མི་གཤིས་དང་སྒྱུ་རྩལ་གྱི་འདུ་ཤེས་གོང་འཕེལ་དུ་འགྲོ་བར་འགོག་རྐྱེན་བཟོས་ཡོད། 

ཁོང་ཚོ་སོ་སོའི་རིག་གཞུང་གི་ནོར་སྐལ་ལས་གཞན་རྩོམ་པ་པོ་ཚོའི་རྒྱུ་ཆའི་ཐོན་ཁུངས་གཙོ་བོ་དེ་ཕྱི་རྒྱལ་གྱི་རྩོམ་རིག་ཡིན། ཡིན་ནའང༌། རྒྱ་ནག་ནང་ནུབ་ཕྱོགས་ཀྱི་ཕུལ་བྱུང་བརྩམས་ཆོས་བསྒྱུར་བའི་འགོ་དུས་རབས་འདིའི་ནང་ད་གཟོད་བརྩམས་ཡོད། བརྩམས་ཆོས་ཀྱི་གྲངས་འབོར་ལ་ཚད་བཀག་ཐེབས་ཡོད་པ་མ་ཟད་དམར་ཕྱོགས་རིང་ལུགས་པའི་རྒྱ་ནག་ནང་འདེམས་སྒྲུག་གི་ཆོག་མཆན་ཐོབ་པའི་རྩོམ་རིག་གི་བརྩམས་ཆོས་མང་ཆེ་ཤོས་དག་འབྱོར་མེད་གྲལ་རིམ་གྱི་རྩོམ་པ་པོར་གྲགས་པ་དག་གི་ཚད་གཞི་རིམ་པ་གཉིས་པ་དང་གསུམ་པའི་བརྩམས་ཆོས་དག་ཡིན། ཡུ་ལེ་སེད་སུ་ Ulyssses  ཡི་རྒྱ་འགྱུར་མ་དེ་རྒྱ་ནག་ནང་སྤྱི་ལོ་༡༩༩༤ལོར་ད་གཟོད་དཔར་སྐྲུན་བྱས་ཡོད་ཅིང༌། ལོ་ལི་ཐའི་ Lolitaམ་རྩོམ་དཔར་སྐྲུན་བྱས་ཏེ་ལོ་ངོ་སུམ་ཅུ་འགོར་བའི་རྗེས་ནས་ད་གཟོད་རྒྱ་ནག་ནང་དཔར་སྐྲུན་གནང་ཡོད། དུས་རབས་བཅོ་བརྒྱད་པ་དང་དུས་རབས་བཅུ་དགུ་པའི་ཕུལ་བྱུང་རྩོམ་རིག་དག་གི་བརྩམས་ཆོས་མང་པོ་ཞིག་བསྒྱུར་རྒྱུ་ཕར་ཞོག Random House  ཡིས་འདེམས་སྒྲུག་བྱས་པའི་དུས་རབས་འདི་ཡི་དབྱིན་ཇིའི་བརྩམས་སྒྲུང་གྲགས་ཅན་བརྒྱ་ཞེས་པའི་མང་ཆེ་ཤོས་ད་དུང་ཡང་རྒྱ་ཡིག་གི་ནང་བསྒྱུར་མེད།  

དེ་ལྟ་ནའང༌། ནུབ་ཕྱོགས་ཀྱི་བརྩམས་ཆོས་གྲགས་ཅན་ཡོངས་རྫོགས་རྒྱ་ཡིག་ནང་བསྒྱུར་བའི་དབང་དུ་བཏང་རུང་ཡུ་ལེ་སད་སི་ཡི་ཧཕ་ཡིག་བསྒྱུར་མཁན་གྱིས་ "ཡིག་སྒྱུར་ནི་བཀྲག་མདངས་ཉམས་པའི་མེ་ལོང་ཞིག་གི་ནང་གི་ཚུར་ལྡོག་གི་གཟུགས་བརྙན་ནོ"  ཞེས་བརྗོད་པ་ལས་མ་འདས། རྩོམ་པ་པོ་དཔེར་ན་རྗོ་ཨེ་སུ་དང་ནཱ་བྷོ་ཁོབ་ལྟ་བུ་དག་ལ་མཚོན་ན་སྐད་ཡིག་ནི་ཧ་ཅང་གལ་ཆེན་པོ་ཡིན། སྟབས་མ་ལེགས་པ་ཞིག་ལ་ཡུ་ལེ་སད་སི་ཡི་རྒྱ་འགྱུར་མའི་ནང་དུ་ཡུ་ལེ་སད་ཡི་ཕུལ་དུ་བྱུང་བའི་སྐད་ཡིག་གི་བེད་སྤྱོད་གཏོང་སྟངས་དང་ལོ་ལི་ཐ་ཡི་མཛེས་སྡུག་ལྡན་པའི་ཚིག་ལྷུག་འབྲི་རྩལ་གྱི་ཁྱད་ཆོས་གཏན་ནས་མཐོང་མི་ཐུབ། ཡིག་སྒྱུར་བ་ཚོས་ཁོང་ཚོའི་ཀླད་པ་ཇི་ལྟར་ད་ར་དཀྲུགས་དཀྲུགས་བྱས་ཡོད་མེད་ལ་མ་ལྟོས་པར་རྒྱ་འགྱུར་མའི་ནང་དུ་ཐ་ན་མ་རྩོམ་གྱི་བྲོ་བའི་ཕྱེད་ཀའང་ཐོན་མེད། 
ཕྱི་རྒྱལ་སྐད་ཡིག་གི་ཤེས་ཚད་དབེན་པ་ནི་དེང་དུས་རྒྱ་ནག་གི་རྩོམ་པ་པོ་ཚོའི་ཞན་ཆ་གཞན་ཞིག་ཡིན། ཡང་བསྐྱར་མི་འདྲ་ས་གཅིག་ཡོད་པ་ནི་རཱ་ཤི་ཡ་ཡི་རྩོམ་པ་པོ་ལེགས་ཤོས་མང་ཆེ་ཤོས་ཀྱིས་ཉུང་མཐར་ཡང་ཕྱིའི་སྐད་ཡིག་གཅིག་གམ་གཉིས་ཤེས་ཀྱི་ཡོད། དཔེར་ན། ངས་གོང་དུ་བརྗོད་པའི་རཱ་ཤི་ཡ་ཡི་རྩོམ་པ་པོ་ཚང་མས་ཧཕ་ཡིག་ཤེས་ཀྱི་ཡོད། ཧཕ་རན་སིའི་རྩོམ་རིག་ནི་འཛམ་བུ་གླིང་གི་ཆེས་ཕུལ་བྱུང་གི་རྩོམ་རིག་དག་གི་ནང་གི་གཅིག་ཡིན་པ་གདོན་མི་ཟ། ནོའུ་པེལ་རྩོམ་རིག་བྱ་དགའ་ཐེངས་བཅུ་གཉིས་ལ་བླངས་ཡོད། འདི་ནི་རྒྱལ་ཁབ་རྐྱང་པ་གཞན་དག་ལས་རྦད་དེ་བརྒལ་ཡོད། འདི་ནི་སྟེས་དབང་ཞིག་ག་ལ་ཡིན། ཁོང་ཚོས་ཕྱོགས་གཅིག་ནས་ཧཕ་རན་སི་ཡི་ངོ་མཚར་ཆེ་བའི་རྩོམ་རིག་གི་ཉིང་ཁུ་ཐད་ཀར་ལོངས་སུ་སྤྱོད་ཞོར། གཞན་ཞིག་ནས་རང་ཉིད་ཀྱི་རྒྱུ་ཆ་ཕྱུག་པོ་དག་བེད་སྤྱོད་གནང་གི་ཡོད། འདི་འདྲའི་འོག་ནས་རཱ་ཤི་ཡ་ཡིས་རྩོམ་པ་པོ་ལེགས་པོ་མང་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་བྱུང་ཡོད། འདི་ནི་ངོ་མཚར་ཆེ་བ་ཞིག་མ་ཡིན་ནམ། 
རྒྱ་ནག་གི་རྩོམ་པ་པོ་ཚོས་སོ་སོའི་ཕ་ཤུལ་གྱི་ནོར་སྐལ་གྱི་རིག་གཞུང་ལས་འཚོ་བཅུད་ལེན་གྱི་མེད་ལ་འཛམ་གླིང་གི་ཕུལ་བྱུང་རྩོམ་རིག་གི་འོ་སྤྲི་ཡང་ཐད་ཀར་ལེན་ཐུབ་ཀྱི་མེད་སྟབས་རྩོམ་རིག་སྒྱུ་རྩལ་གྲགས་ཅན་ཐོན་སྐྱེད་བྱེད་པར་ཧ་ཅང་ཁག་པོ་ཆགས་ཡོད་པ་མངོན་གསལ་དོད་པོ་རེད། 

དེང་རབས་རྒྱའི་སྐད་ཡིག་གི་ལོ་རྒྱུས་ཐུང་དྲགས་པ། 

རྒྱ་ནག་ལ་ལོ་ངོ་ཉིས་སྟོང་གི་རིག་གཞུང་གི་ལོ་རྒྱུས་ཡོད་པ་ལ་མ་ལྟོས་པར། ད་ལྟའི་སྤྱོད་བཞིན་པའི་སྐད་ཡིག་འདི་ལོ་ངོ་བརྒྱ་ཡི་ལོ་རྒྱུས་ལས་ཉུང་བ་ཡོད། དེང་སྐབས་ཀྱི་རྒྱ་ནག་ནང་རྒྱ་ནག་གི་ལོ་རྒྱུས་ཧྲིལ་བོར་བེད་སྤྱོད་བྱས་པའི་སྐད་ཡིག་དེར་གདེང་འཇོག་བྱེད་མཁན་ཉུང་ངུ་ལས་མེད་ལ། ལུའུ་ཞུན་གྱིས་དེར་"སྐད་ཡིག་ཤི་བོ" ་ཞེས་བརྗོད་ཅིང༌། ལིན་ཡའོ་ཐང་གིས་ཀྱང་ "རྒྱ་ནག་གི་གནའ་རྩོམ་ཕུལ་བྱུང་དག་གིས་དོན་དག་གནད་ལ་འཁེལ་བ་མཚོན་ཐུབ་ཀྱི་མེད། དེའི་མཇུག་འབྲས་ལ་གང་བརྗོད་པ་མཐའ་དག་ཆེས་སྤྱིར་བཏང་ངམ་གསལ་ཁ་མེད་པའི་བརྡ་ཆད་ཅིག་ནང་མཚོན་ཡོད" ་ཅེས་འདི་ལྟར་བརྗོད་ཡོད།
རྒྱ་ནག་གི་རྩོམ་རིག་ཡོངས་རྫོགས་ནང་ནས་ཐང་རྒྱལ་རབས་ཀྱི་སྙན་ངག་དང་གོང་མའི་སྲིད་གཞུང་དག་གི་སྐབས་ཀྱི་གླུ་གཞས་དག་ནམ་རྒྱུན་ནས་ཆེས་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་ཡིན་པར་ཁས་ལེན་གནང་གི་ཡོད། ཡིན་ནའང༌། སྙན་ངག་དེ་ལྟ་བུའི་སྒྲིག་གཞི་ནི་ཧ་ལས་པའི་དམ་པོ་ཡིན་སྟབས་བུན་ཡི་ཏོའོ་ཡིས་དེ་ལྟ་བུའི་སྙན་ངག་འབྲི་སྟངས་ལ་ "ལྕགས་སྒྲོག་དང་ལྷན་དུ་ཞབས་བྲོ་འཁྲབ་པ" ་ཞེས་ཞིབ་འབྲི་གནང་ཡོད། ལྕགས་སྒྲོག་འདི་དག་གིས་རྒྱ་ནག་གི་སྨྲ་བརྗོད་ལ་སྒོ་ཟྭ་བརྒྱབ་ཡོད་པ་བརྗོད་ག་ལ་དགོས། 
རྒྱ་ཡིག་ལ་བཅོས་སྒྱུར་བརྒྱུད་དེ་དེང་རབས་ཅན་དུ་བསྒྱུར་བའི་ལས་གཞི་འདི་སྤྱི་ལོ་ ༡༩༢༠་ ནང་ད་གཟོད་འགོ་བཙུགས་ཡོད། རྒྱ་ནག་གི་གནའ་བོའི་ཡིག་སྐད་རྩོམ་ཡིག་ཕལ་ཆེར་དོར་ཡོད་མོད། ཡིན་ནའང༌། ས་སྐྱེས་རྡོ་སྐྱེས་ཀྱི་སྐད་ཡིག་གསར་བ་ཞིག་དངོས་གནས་གོང་འཕེལ་དུ་གཏོང་བའི་གོ་སྐབས་གཏན་ནས་རེག་མེད། དེ་ནི་ཆབ་སྲིད་ཀྱི་འཐབ་རྩོད་དག་གིས་མཁྲེགས་བཟུང་དང་ཆབ་སྲིད་རིག་པའི་ལྟ་བ་ཡིས་སྟངས་འཛིན་བྱས་པའི་རྐྱེན་ཡིན། སྐད་ཡིག་ཅིག་ད་དུང་ཡང་འཕེལ་རིམ་གྱི་གོ་རིམ་དང་པོ་ནང་ལྷག་ཡོད་དུས་དེ་ལས་བྲིས་རྩོམ་ལེགས་པོ་ཉུང་ཉུང་ལས་འབྱུང་མི་ཐུབ། ད་ལྟའི་དུས་རབས་འདིར་རྒྱ་ནག་གི་རྩོམ་པ་པོ་ཚོ་ཁྲོད་ནས་སུ་ཞིག་གི་ཚིག་ལྷུག་འབྲི་ཐབས་དེ་དངོས་གནས་དྲང་གནས་ཀྱི་ཡིད་དུ་འོང་བ་རེད་ཅེས་མཛུབ་མོ་འཛུགས་རྒྱུ་ལས་སླ་བོ་མ་རེད། རྩོམ་པ་པོ་ལེགས་པོ་དཔེར་ན། ལུའུ་ཞུན་ལྟ་བུར་མཚོན་ན་ཁོང་གི་ཚིག་སྦྱོར་ནི་དམིགས་བསལ་གྱི་འཇིགས་སུ་རུང་བ་ཞིག་རེད་འདུག 

གཤིས་སྤྱོད་དག་གི་ཚད་བཀག

རྒྱ་ཡིག་གི་གཤིས་ཀ་དག་གིས་ཚད་ངེས་ཅན་ཞིག་གི་ཐོག་ནས་མངོན་སུམ་གྱི་མཚོན་དོན་དག་རྟོགས་པར་རོགས་རམ་བྱེད་སྲིད་ནའང༌། འཆར་སྣང་དང་ལྐོག་གྱུར་གྱི་བསམ་ཞིབ་བྱེད་དགོས་སར་ཚད་བཀག་ཆེན་པོ་ཞིག་ཐེབས་ཡོད། དབྱིན་ཡིག་དང་བསྡུར་ན། རྒྱ་ཡིག་ལ་ཚབས་ཆེ་བའི་ཆད་ལྷག་ཁ་ཤས་ཤིག་ཡོད། ཁྱད་པར་དེ་དག་རྟོགས་པར་ངེས་པར་དུ་སྐད་བརྡ་རིག་པ་བ་ཞིག་མི་དགོས། སྐད་ཡིག་གཉིས་ཆར་མཐོ་རིམ་སློབ་གྲ་ྭའི་ཡོན་ཚད་ཡོད་མཁན་གྱི་མི་སུ་ཞིག་གིས་ཀྱང་རྒྱ་ཡིག་ལ་ནུས་སྟོབས་ཞན་པ་ལས་སླ་བོར་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། དཔེར་ན། ལྐོག་གྱུར་རམ་སྤྱི་མཚན་གྱི་ལྟ་བ་དག་མཚོན་པའི་ཐ་སྙད་མེད་པ་ལ་བརྟེན་ནས་མཚོན་སྟངས་དག་ངེས་གཏན་མེད་པ་དང་གནད་ལ་འཁེལ་ཐུབ་ཀྱི་མེད་པ་དང་གཅིག  བྱ་ཚིག་དཀོན་པོ་ཡིན་པའི་དབང་གིས་འགྲོ་བ་མིའི་བྱ་སྤྱོད་ཀྱི་ཞིབ་འབྲི་ལེགས་པོ་བྱེད་ཐུབ་ཀྱི་མེད་པ་དང་གཉིས། རྒྱན་ཚིག་དང་བྱ་བའི་ཁྱད་ཆོས་སྟོན་པའི་ཐ་སྙད་ཉུང་བའི་སྟབས་ཀྱིས་སྒྲུང་ནང་གི་གཏམ་བརྗོད་དག་ཉབ་བེ་ཉོབ་བེ་ཆགས་ཀྱི་ཡོད་པ་དང་གསུམ། དོན་གཅིག་མིང་གི་རྣམ་གྲངས་ཉུང་བའི་སྐྱོན་ལ་བརྟེན་ནས་འགྲེལ་བཤད་གང་རུང་རྒྱག་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། བསྐྱར་སྐྱོར་ཡང་སྐྱོར་གྱི་དཀའ་ངལ་ཡོད་པ་དང་བཞི། འདི་ཚོ་ཕན་ཆད་ནས་ད་དུང་བརྡ་སྤྲོད་རིག་པའི་གྲིམ་ལྷོད་དང་རྒྱ་ཡིག་གི་ཡ་མེ་ཡོམ་མེ་ཡི་གཏན་ཚིགས་རིག་པའི་དགོས་འདུན་ལ་བརྟེན་ནས་གོ་མེད་ཚོར་མེད་ཀྱི་འབྲི་རྩོམ་བགྲང་ལས་འདས་པ་ཞིག་འཕེལ་དུ་འཇུག་གིན་ཡོད། ལིན་ཡུའུ་ཐང་གིས་ "རྒྱ་ཡིག་མི་ཡིས་དབང་སྒྱུར་བྱས་ཡོད། དབྱིན་ཡིག་ཁྲིམས་ཀྱིས་དབང་སྒྱུར་བྱས་ཡོད།" ་ཅེས་བརྗོད་པ་ལའང་ཡ་མཚར་དགོས་དོན་ཅི་ཡོད།

ང་རང་ཉིད་ཀྱིས་དཔེ་ཀློག་གི་ཉམས་མྱོང་གི་སྒོ་ནས་བརྗོད་ན། དབྱིན་ཡིག་དང་རྒྱ་ཡིག་བར་གྱི་ཁེ་གྱོང་གི་ཁྱད་པར་གསལ་ཤོས་ནི་འདི་ཡིན་ངེས་ཏེ་སྙན་ངག་མ་གཏོགས་རྒྱ་རྩོམ་གྱི་དབྱིན་འགྱུར་མ་ཡོངས་རྫོགས་ཀྱི ནང་དོན་མ་རྩོམ་དང་བསྡུར་ན་ཏག་ཏག་ཡིན་པ། མཛེས་པོ་ཡིན་པ། ཚིག་གི་འགུག་ཤུགས་ཆེ་བ་ཡོད། དེ་དང་ཆབས་ཅིག་ཏུ་དབྱིན་རྩོམ་གྱི་རྒྱ་འགྱུར་མ་ཡོངས་རྫོགས་མ་རྩོམ་དང་བསྡུར་ན་བུ་རྩོམ་གྱི་དོན་དག་ཁ་མི་གསལ་བ། ཚིག་སྦྱོར་རྩུབ་པོ་ཡིན་པ་དང་ཞན་པོ་ཡོད། 

རྒྱའི་སྐད་ཡིག་དང་རྩོམ་རིག་ལྟ་བུའི་བརྗོད་བྱ་ཆེན་པོ་ཞིག་གྲོས་བསྡུར་བྱེད་སྐབས་དཔེ་དེབ་མང་པོ་ཞིག་དགོས་ངེས་ཡིན་པ་བཤད་ག་ལ་དགོས་མོད། ཡིན་ནའང༌། གོང་དུ་བརྗོད་པའི་གནས་ལུགས་དག་ནི་ཉུང་མཐར་ཡང་རྒྱ་ནག་གི་རྩོམ་པ་པོ་ཚོར་ཅིའི་ཕྱིར་ནོའུ་པེལ་རྩོམ་རིག་བྱ་དགའ་མ་ཐོབ་པའམ་ཡང་ན་རྒྱལ་སྤྱིའི་ངོས་ནས་གདེང་འཇོག་མ་ཐོབ་པའི་གནས་ལུགས་རྒྱུ་མཚན་དང་འབྲེལ་བ་ཡོད་པ་མཐོང་ཐུབ་ཀྱི་ཡོད། 

སྤྱི་ལོ་ ༡༩༣༠ ནང་ནོའུ་པེལ་ལྷན་ཚོགས་ཀྱིས་ལུའུ་ཞུན་ལ་གཟེངས་རྟགས་གནང་བའི་དགོངས་བཞེས་གནང་གི་ཡོད་སྐོར་གྱི་དཀྲོག་གཏམ་ཞིག་ཁྱབ་པ་རེད། དེ་ལས་འཕྲོས་ཏེ་ལུའུ་ཞུན་གྱིས་ཁོང་གི་གྲོགས་པོ་ཞིག་ལ་ "ངས་རྒྱ་ནག་ནང་དངོས་གནས་ནོའུ་པེལ་བྱ་དགའ་ཐོབ་འོས་པའི་མི་སུ་ཡང་མི་འདུག་བསམ་གྱིན་ཡོད། སེ་ཝེ་ཊན་གྱིས་ང་ཚོ་སྣང་མེད་དུ་སྐྱུར་ན་ཡག་ཤོས་རེད། གལ་ཏེ་གདོང་པགས་སེར་བོའི་མི་དམངས་ལ་ཕྱོགས་ཞེན་གྱི་མནོ་བསམ་འོག་ནས་བྱ་དགའ་གནང་བ་ཡིན་ན། དེ་ཡིས་ཁོང་ཚོས་དངོས་གནས་ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་ཚོ་དང་ལྷན་དུ་མཉམ་འགྲོ་བྱེད་ཐུབ་པའི་ཡིད་ཆེས་ཤིག་བསྐྲུན་ངེས་ཤིང༌། དེ་ཡིས་རྒྱ་མིའི་རང་ཕན་རང་ལུགས་ཁོ་ན་སྐུལ་འདེད་གཏོང་གི་ཡོད་ལ། དེའི་མཇུག་འབྲས་གཏན་ནས་ཡག་པོར་ཞིག་ཏུ་འགྱུར་མི་སྲིད" ་ཅེས་བརྗོད་ཡོད། 

ཕལ་ཆེར་ལོ་ངོ་བདུན་ཅུ་འགོར་ལ་ཉེ། ཡིན་ནའང་ད་དུང་འགྱུར་བ་ཅི་ཡང་ཐེབས་མེད།

No comments:

Post a Comment