Saturday, March 17, 2012

འཁར་བ་ལ་མ་བརྟེན་པའི་མི།

མང་རའི་གངས་ཐིགས་ཀྱིས་བསྒྱུར།

ཐེངས་ཤིག་ལ་མི་ཞིག་གི་རྐང་བ་རྨས་སྐྱོན་ཕོག་སྟབས་ཁོང་འཁར་བ་ལ་བརྟེན་ནས་གོམ་པ་རྒྱག་དགོས་བྱུང༌།

འཁར་བ་འདི་དེ་སྔ་ཁོང་གོམ་བགྲོད་བྱེད་སྐབས་དང་དེ་མིན་གཞན་དག་མང་པོར་བེད་སྤྱོད་ཤིན་ཏུ་ཆེ།

ཁོས་རང་གི་ནང་མི་ཚང་མ་ལ་འཁར་བ་དག་གི་བེད་སྤྱོད་བྱེད་སྟངས་བསླབས་པ་དང་དེ་དག་རྒྱུན་ལྡན་གྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར། མི་རེ་རེ་ལ་འཁར་བ་རེ་འཐོབ་རྒྱུ་ནི་མི་རྣམས་ཀྱི་དེ་སྔའི་དམིགས་ཡུལ་ཡིན། ལ་ལ་ཞིག་ལྕགས་ཀྱིས་བཟོས་ཡོད་ལ། གཞན་པ་རྣམས་གསེར་གྱིས་བརྒྱན་ཡོད། མི་རྣམས་ལ་དེ་དག་བེད་སྤྱོད་བྱེད་པར་སྦྱོང་བརྡར་སྤྲོད་ཆེད་སློབ་གྲ་ྭ་དག་སྒོ་ཕྱེ་ཞིང་གཙུག་ལག་སློབ་གཉེར་ཁང་གི་རྐུབ་སྟེགས་རྣམས་ཚན་རྩལ་འདིའི་གལ་ཆེའི་གནད་དོན་ཐད་ལ་ཞིབ་འཇུག་བྱེད་པར་བཞག་ཡོད།

མི་ཉུང་ཉུང་ཞིག ཤིན་ཏུ་ཉུང་ཉུང་ཞིག འཁར་བ་མེད་པར་གོམ་པ་རྒྱག་འགོ་ཚུགས། དེ་སྔ་ཁུངས་ལུང་མེད་ཀྱང་འདི་ཞབས་འདྲེན་གྱི་བྱ་བ་ཞིག་ཏུ་བརྩིས། ཡིན་ཡང༌། འཁར་བ་ལ་དེ་མིན་ད་དུང་བེད་སྤྱོད་ཆེན་པོ་ཡོད།

ཁ་ཤས་ཀྱིས་ལན་བརྒྱབ་པ་དང་ཉེས་པ་ཕོག ཁོ་ཚོས་འཁར་བ་ཞིག་མཁོ་དུས་སྤྱོད་ཆོག་ལ་གང་ལ་བེད་སྤྱོད་ཡོད་ན་དེ་ལ་སྤྱོད་ཆོག་ཆོག་ཡོད་པ་སྟོན་ཆེད་འབད་བརྩོན་བྱས།

ཉུང་ཤས་ཀྱིས་ཉན།

ཕྱོགས་རིས་ཀྱི་ལྟ་ཚུལ་ལས་ཐར་ཆེད་འཁར་བ་མེད་པར་འགྲོ་ཐུབ་མཁན་ཚོས་གསར་དུ་བཞེངས་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ལས་རྦད་དེ་ཐ་དད་པའི་སྤྱོད་པ་སྟོན་འགོ་བཙུགས།

ཁོ་ཚོ་ད་དུང་ཡང་ཉུང་ཤས་སུ་ལྷག་ཡོད།

འཁར་བརྟེན་མེད་པར་གོམ་བགྲོད་བྱེད་ཐུབ་མཁན་ཉུང་ཤས་ཤིག་དོན་དངོས་སུ་ཡོད་དུས། མི་རབས་ཤིན་ཏུ་མང་པོ་རིང་ལ་འཁར་བ་ལ་བརྟེན་པའི་མི་མང་ཤོས་ཀྱིས་འཁར་བ་དགོས་ངེས་ཡིན་པའི་"ར་སྤྲོད་"གནང༌། ཁོང་ཚོས"འདི་རུ་ལག་བརྟེན་མེད་པར་གོམ་པ་སྤོ་བར་འབད་བརྩོན་བྱེད་མཁན་གྱི་མི་ཞིག་འདུག ཁྱོད་ཚོས་མཐོང་བྱུང་ངམ། ཁོ་འགྲོ་ཐུབ་ཀྱི་མ་རེད!" ཟེར།

"ཡིན་ཡང༌། ང་ཚོ་འཁར་བརྟེན་མེད་པར་འགྲོ་བཞིན་ཡོད།"གོམ་བགྲོད་བྱེད་མཁན་མི་དཀྱུས་མ་ཚོས་ཁོ་ཚོ་ལ་དྲན་གསོ་བཏང༌།

"འདི་ནི་ངོ་མ་མ་རེད། འདི་ནི་ཁྱོད་ཚོའི་རང་ཉིད་ཀྱི་སྣང་ཚུལ་དུ་འཆར་བ་ཁོ་ན་རེད།" ཡན་ལག་གཅོང་ཅན་ཚོས་འདི་ལྟར་བཤད། ཅི་ཕྱིར་ཞེ་ན། སྐབས་དེར་ཁོང་ཚོ་ཡང་ལོང་བ་རུ་འགྱུར་གྱིན་ཡོད། ལོང་བ་ཟེར་དོན་ནི་ཁོ་ཚོར་མིག་ཡོད་ཀྱང་མི་མཐོང་བས་སོ།།

No comments:

Post a Comment