Saturday, March 17, 2012


ཛོར་བྷ། ངའི་མི་བུ་གསར་བ།

ཨོ་ཤོ   མང་རའི་གངས་ཐིགས་ཀྱིས་བསྒྱུར།

ངའི་ངོ་ལོག་པའམ་མི་བུ་གསར་བ་ནི་བུངྷ་ཛོར་བྷ་ཡིན།

འགྲོ་བ་མིའི་རིགས་ཀྱིས་སེམས་ནི་དངོས་ཡོད་དུ་བརྩི་ཞིང་དངོས་པོ་ནི་འཁྲུལ་སྣང་དུ་བལྟ། ཡང་ན། དངོས་པོ་ནི་དངོས་ཡོད་དུ་བལྟ་ཞིང་སེམས་ནི་འཁྲུལ་སྣང་དུ་འཇོག་པ་འདི་གཉིས་ལས་གང་རུང་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད། ཁྱེད་ཀྱིས་འདས་པའི་ལོ་ཟླའི་འགྲོ་བ་མི་སྡེ་འདི་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གཉིས་ལ་དགར་ཆོག

ཡིན་ཡང༌། མི་བུའི་དངོས་ཡོད་གནས་ལུགས་ལ་བལྟ་བའི་ངལ་བ་སུས་ཀྱང་དང་དུ་བླངས་མི་འདུག ཁོང་ནི་གཉིས་ཀ་མཉམ་དུ་འདུས་པའི་རང་གཟུགས་ཤིག་ཡིན། ཁོང་ནི་སེམས་ཀྱི་རང་བཞིན་ཏེ་ཤེས་པ་འབའ་ཞིག་མིན་ལ། དངོས་པོ་ཁོ་ནའང་མིན། ཁོང་ནི་དངོས་པོ་དང་ཤེས་པ་གཉིས་ཀའི་དབར་གྱི་ཆེ་ཚད་མཐོ་བའི་འཆམ་མཐུན་ཞིག་ཡིན། ཡང་ན། དངོས་པོ་དང་ཤེས་པ་གཉིས་བྱ་དངོས་གཉིས་མིན་པར་དངོས་ཡོད་གནས་ལུགས་གཅིག་གི་སྣང་ཚུལ་གཉིས་ཡིན་སྲིད་དེ་དངོས་པོ་ནི་ཤེས་པའི་ཕྱི་རོལ་ཡིན་པ་དང་ཤེས་པ་ནི་དངོས་པོའི་ནང་ལོགས་ཡིན་སྲིད།

ཡིན་ཡང༌། སྔོན་ཆད་ཀྱི་གསང་སྔགས་ཀྱི་ཆོས་ནང་གཅིག་བསྒྲིལ་ལམ་མཉམ་འདུས་འདི་གསུངས་ཡོད་ནི་མ་རེད་ལ། དེང་དུས་ཀྱང་འདི་བསྒྲགས་མཁན་གྱི་ལྟ་གྲུབ་སྨྲ་བ་དང་སྒོམ་ཆེན་པ་གཅིག་ཀྱང་ཡོད་པ་མ་རེད། ཁོང་ཚོ་ཚང་མ་དེ་སྔ་མི་བུ་འདི་རིགས་གཉིས་སུ་བཀར་ཏེ་གཅིག་དེ་བདེན་པ་ཡིན་པ་དང་ཅིག་ཤོས་དེ་རྫུན་མ་ཡིན་པ་བརྗོད་པར་གོམས་ཡོད། འདི་ཡིས་སའི་གོ་ལའི་ཁྱོན་ཡོངས་ལ་སེམས་ཁམས་འཆོལ་བའི་མཁའ་དབུགས་ཤིག་བསྐྲུན་ཡོད་པ་རེད།

ཁྱེད་རང་གཟུགས་པོ་དེ་ཉིད་རང་ལ་བརྟེན་ནས་འཚོ་མི་ཐུབ། འདི་ནི་རྗེ་སོ་སུ་ཡིས་མི་རྣམས་བག་ལེབ་གཅིག་པུ་ལ་བརྟེན་ནས་འཚོ་མི་ཐུབ་གསུངས་པའི་དོན་རེད། ཡིན་ཡང༌། འདིའི་ཕྱེད་ཀ་ཙམ་བདེན་པ་རེད། ཁྱེད་རང་ཤེས་པ་དེ་ག་རང་གཅིག་པུ་ལ་བརྟེན་ནས་འཚོ་མི་ཐུབ་ལ། བག་ལེབ་མེད་པར་ཁྱེད་ཀྱང་འཚོ་མི་ཐུབ། ཁྱོད་ཀྱི་ལུས་ལ་བར་སྟོང་གཉིས་ཡོད་པ་རེད། དེ་གཉིས་ཀའི་འདོད་དོན་ངེས་པར་དུ་སྒྲུབ་དགོས་ཤིང༌། འཚར་ལོང་ཆེད་དུ་དེ་གཉིས་ཀར་གོ་སྐབས་འདྲ་མཉམ་སྤྲོད་དགོས། འདས་པའི་ལོ་ཟླའི་ནང་མི་རྣམས་ཀྱིས་ཕྱོགས་གཅིག་ལ་རྒྱབ་སྐྱོར་བྱས་པ་དང་ཅིག་ཤོས་དེར་དགག་བྱ་བྱས་ཡོད། ཅིག་ཤོས་དེར་རྒྱབ་སྐྱོར་བྱས་པ་དང་ཐོག་མ་དེར་ངོ་རྒོལ་བྱས་ཡོད།
མི་བུ་ནི་ཆ་ཚང་ངམ་ཧྲིལ་བོ་ཞིག་ཡིན་པ་ཁས་བླངས་མེད།

འདི་ཡིས་སྡུག་བསྔལ་དང་ཟུག་རྔུ་དྲག་པོས་ཁེངས་པའི་ཧ་ཅང་མུན་ནག་གི་མཚན་མོ་ཞིག་བསྐྲུན་ཡོད། མཚན་མོ་འདི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ཚུར་བསྲིངས་ཡོད་ཅིང༌། འདི་ལ་ད་དུང་ཡང་མཐའ་མེད་པར་སྣང༌། གལ་ཏེ་ཁྱེད་ཀྱི་རྣ་བས་གཟུགས་པོར་ཉན་ན། ཁྱེད་ཀྱིས་ཁྱེད་རང་ལ་ཉེས་ཆད་གཏོང་གི་ཡོད། གལ་ཏེ་མ་ཉན་ན་ཁྱེད་ཀྱིས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དགོས་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་ཤེས་པ་གཅིག་པུར་རྣ་བ་གཏད་ན། ཁྱེད་ཀྱི་འཚར་ལོང་དོ་མི་མཉམ་པ་ཆགས་ངེས། ཁྱེད་ཀྱི་ཤེས་པ་འཚར་ལོངས་བྱེད་ཀྱི་རེད། ཡིན་ཡང༌། ཁྱེད་ཀྱི་གཟུགས་པོ་འཁུམ་འགྲོ་ངེས་རེད། དེར་བརྟེན་ནས་ཁྱེད་ཀྱི་གཟུགས་པོ་དང་ཤེས་པའི་ཆ་སྙོམས་བརླག་འགྲོ་ངེས་རེད། ཁྱེད་ཀྱི་ཆ་སྙོམས་ནང་དུ་ཁྱོད་ཀྱི་འཕྲོད་བསྟེན་ཡོད། ཁྱེད་ཀྱི་ཆ་སྙོམས་ནང་དུ་ཁྱོད་ཀྱི་བསམ་བློ་ཆ་ཚང་ཡོད། ཁྱེད་ཀྱི་ཆ་སྙོམས་ནང་དུ་ཁྱོད་ཀྱི་དགའ་སྤྲོ་ཡོད། ཁྱེད་ཀྱི་ཆ་སྙོམས་ནང་དུ་ཁྱོད་ཀྱི་ཞབས་བྲོ་ཡོད།

ནུབ་ཕྱོགས་པ་ཚོས་གཟུགས་པོར་ཉན་པར་བདམས་ཚར་ཡོད། ཤེས་པའི་དངོས་ཡོད་གནས་ལུགས་ཀྱི་ཕྱོགས་ནས་བཤད་ན། ཁོང་ཚོ་རྦད་དེ་འོན་པར་གྱུར་ཡོད། འདིའི་མཐའ་འབྲས་ལ་ཚན་རིག་དང་བཟོ་ལས་རིག་རྩལ་དར་ཁྱབ་ཆེན་པོ་ཡོད་པའི་འབྱོར་ལྡན་གྱི་སྤྱི་ཚོགས་ཤིག་སྐྲུན་ཡོད་ཅིང། སྣང་སྲིད་ཀྱི་དངོས་པོའི་ཕྱོགས་ནས་ཧ་ཅང་ཕྱུག་པོ་ཆགས་ཡོད། ཡིན་ཡང༌། འབལ་འབལ་ལྷུག་ལྷུག་གི་དབུས་ན་རང་ཉིད་ཀྱི་བླ་སྲོག་ཡོངས་སུ་བརླགས་པའི་མི་བུ་ཞིག་ཡོད། ཁོང་གིས་ཁོ་རང་སུ་ཡིན་མིན་དང་ཅིའི་ཕྱིར་ཡིན་མིན་ཅི་ཡང་ཤེས་ཀྱི་མེད། དེ་ནི་ཁོང་ལ་མཚོན་ན་ཕལ་ཆེར་གློ་བུར་བ་ཞིག་གམ་རང་བྱུང་ཁམས་ཀྱི་ཁྱད་མཚར་བའི་བསམ་ཚུལ་ཞིག་ཏུ་ཚོར་གྱི་ཡོད།

དངོས་པོའི་འཇིག་རྟེན་ཕྱུག་པོ་ཆགས་པ་དང་ལྷན་དུ་ནང་སེམས་ཀྱི་ཤེས་པ་ཡར་རྒྱས་སུ་མ་སོང་ན། དངོས་པོ་སྟེ་གཟུགས་པོ་འདི་ཧ་ཅང་ལྗིད་མོ་རུ་འགྱུར་གྱི་ཡོད་ལ། ནང་སེམས་འདི་ཤིན་ཏུ་ཉམ་ཐག་པ་ཞིག་ཏུ་འགྱུར་གྱི་ཡོད། ཁྱེད་རང་ཉིད་ཀྱི་གསར་གཏོད་དག་དང་གསར་པ་ཤེས་རྟོགས་བྱུང་བ་དག་རང་ཉིད་ཀྱི་ལྡོག་འཁྲེས་ཤིག་ཏུ་འགྱུར་གྱིན་ཡོད། ཁྱེད་ལ་མཛེས་སྡུག་ལྡན་པའི་འཚོ་བ་ཞིག་བསྐྲུན་པའི་ཚབ་ལ་ཁོང་ཚོས་ཁྱེད་ལ་རིན་ཐང་སྟོང་བའི་འཚོ་བ་ཞིག་སྐྲུན་ཡོད། དེ་ནི་ནུབ་ཕྱོགས་ཀྱི་ཤེས་ཡོན་ཅན་ཚང་མས་དེ་འདྲ་ཚོར་གྱི་ཡོད།

ཤར་ཕྱོགས་པས་ཤེས་པ་ལ་ཉན་པར་བདམས་ཡོད། དངོས་པོ་དང་བྱ་དངོས་ཡོད་དོ་ཅོག་ལ་ཉེས་འཛུགས་བྱས་ཡོད། འདིའི་ནང་དུ་གཟུགས་པོའང་འདུས་ཡོད། གཟུགས་པོ་ནི་འཁྲུལ་སྣང་དང་བྱེ་ཐང་གི་སྨུག་སྒྱུ་བཞིན་མིག་ལ་སྣང་བ་གཅིག་པུ་ལས་རང་ངོས་ལ་དངོས་ཡོད་གནས་ལུགས་ཀྱིས་སྟོང༌། ཤར་ཕྱོགས་ཀྱིས་གོ་ཏམ་བུངྷ་དང་མཱ་ཧ་ཝེ་ར། པ་ཊན་རྗ་ལེ། ཀ་རྦར། ཧཕ་རེ་སྒྲི། རེད་རྡུས་བཅས་ཤེས་པ་དང་གོ་རྟོགས་ཆེན་པོ་ཡོད་མཁན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་བསྐྱེད་བསྲིངས་བྱས་ཡོད། ཡིན་ཡང༌། དེ་ཡིས་མི་དམངས་ཉམ་ཐག་པ་ས་ཡ་མང་པོ་འང་སྐྲུན་ཡོད། ཁོང་ཚོ་བཀྲེས་སྐོམ་གྱིས་གདུང་སྟེ་ཁྱི་ནང་བཞིན་ཤི་བཞིན་མཆིས། རྒྱུ་མཚན་ནི་ཁོང་ཚོར་བཟའ་ཆས་དང་གྱོན་གོས། འཐུང་ཆུ། སྡོད་ས་བཅས་ཀྱིས་འདང་གིན་མེད།

ཁྱད་མཚར་བའི་གནས་སྟངས་ཤིག་ནི་ནུབ་ཕྱོགས་སུ་ཟླ་དྲུག་རེའི་ནང་དུ་ཁོང་ཚོས་ཨ་སྒོར་ཐེར་འབུམ་དང་ཐེར་འབུམ་མང་པོ་ཡིན་པའི་འོ་མའི་ཐོན་སྐྱེད་དག་དང་བཟའ་ཆས་དག་རྒྱ་མཚོའི་ནང་ལ་གཡུག་གིན་ཡོད་པ་རེད། གང་ལེགས་ཞེ་ན། དེ་ནི་ལྷག་འཕྲོས་ཡིན་པ་རེད། ཁོང་ཚོས་སོ་སོའི་མཛོད་ཁང་དག་ནང་དངོས་པོ་ཚད་ལས་བརྒལ་བ་འཇུག་འདོད་ཡོད་པ་མ་རེད། ཁོང་ཚོས་དེ་དག་གི་རིན་གོང་མར་གཅོག་འདོད་ཡོད་པ་མ་རེད་ལ་ཁོང་ཚོའི་དཔལ་འབྱོར་རིག་པའི་གྲུབ་ཆ་ལ་གཏོར་བཤིག་གཏོང་འདོད་དེ་བས་ཡོད་པ་མ་རེད། ཕྱོགས་གཞན་ཞིག་ནས་ཨེ་ཐོའོ་ཕེ་ཡ་ནང་དུ་དེ་སྔ་ཉིན་རེར་མི་དམངས་སྟོང་ཕྲག་གཅིག་རེ་འཆི་བཞིན་ཡོད་པ་རེད། དེ་མཚུངས་སུ་ཡོ་རོབ་སྤྱི་སྤྱོད་ཚོང་རྭས་ཀྱང་བཟའ་ཆས་ཧ་ཅང་མང་པོ་ཞིག་འཕྲོ་བརླགས་སུ་གཏོང་གི་ཡོད་པ་རེད། དེའི་རིན་གོང་ཨ་སྒོར་ཐེར་འབུམ་གཉིས་རེད། འདི་ནི་བཟའ་ཆས་ཀྱི་རིན་གོང་མ་རེད། འདི་ནི་བཟའ་ཆས་དག་རྒྱ་མཚོའི་འགྲམ་དུ་འཁྱེར་གླ་དང་གཡུག་གླ་གཅིག་པུའི་འགྲོ་གྲོན་རེད། གནས་སྟངས་འདིའི་འགན་སུ་ལ་ཡོད་པ་རེད།

ནུབ་ཕྱོགས་ཀྱི་མི་འབྱོར་ལྡན་ཆེ་ཤོས་ཀྱིས་ཁོང་གི་བླ་སྲོག་འཚོལ་བཞིན་འདུག ཁོང་གིས་ཁོང་ཉིད་ལ་འདོད་ཆགས་གཅིག་པུ་ལས་བརྩེ་བ་དང་གསོལ་འདེབས་མེད་པ་ཤེས་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱིས་རེ་གཟའ་ཉི་མའི་སློབ་གྲ་ྭ་ནང་བསླབས་པའི་མིང་ཚིག་དག་ནེ་ཙོ་ལྟར་བསྐྱར་ཟློས་བྱེད་པ་ལས་གཞན་ཅི་ཡང་ཤེས་ཀྱི་མེད་པ་རྟོགས་ཀྱི་ཡོད། ཆོས་སེམས་ཏེ་འགྲོ་བ་མི་གཞན་ལ་སེམས་ཚོར་དང༌། རང་གི་མི་ཚེ། བྱ་བྱེའུ། ལྗོན་ཤིང༌། སེམས་ཅན་བཅས་ལ་གུས་བཀུར་མེད་ན། གཏོར་བཤུག་ནི་ཧ་ཅང་ལས་སླ་བོ་རེད།
གལ་ཏེ་མི་རྣམས་དངོས་པོ་འབའ་ཞིག་ཡིན་པར་བསམས་མེད་ན་ཧེ་རོ་ཞི་མ་དང་ནཱ་རྒ་ས་ཁེ་ལ་དོན་རྐྱེན་དེ་འདྲ་བྱུང་སྲིད་ཀྱི་མ་རེད། གལ་ཏེ་མི་རྣམས་ཀྱིས་དཀོན་མཆོག་ནི་ཡིབ་ནས་བཞུགས་ཡོད་པ་དང་ཁོང་ནི་གསར་བ་ཤེས་རྟོགས་བྱེད་དགོས་པ་ལས་གཏོར་བཤིག་གཏོང་མི་རུང་བ་དང༌། དཀོན་མཆོག་གི་ལྷ་ཁང་ལས་ཚུར་འོད་སྣང་འདྲེན་དགོས་པ་ལས་དེར་གཏོང་བཤུག་བཏང་མེད་ན། རྡུལ་ཕྲན་མཚོན་ཆ་འདི་འདྲ་ཧ་ཅང་མང་པོ་ཞིག་བརྩིགས་ཡོད་སྲིད་ཀྱི་མ་རེད། ཡིན་ཡང༌། གལ་ཏེ་མི་ནི་དངོས་པོ་འབའ་ཞིག་དང༌། རྫས་འགྱུར་རིག་པ། དངོས་ཁམས་རིག་པ། ལྤགས་པས་གཡོགས་པའི་ཀེང་རུས་ཤིག་ཡིན་ན། དེ་དག་འཆི་བ་དང་ལྷན་དུ་ཡོད་ཚད་འཇིག་ངེས་རེད། ཅི་ཡང་ལྷག་གི་མ་རེད། རྒྱུ་མཚན་དེར་བརྟེན་ནས་ཨ་སྒྲོལ་ཧཕུ་ ཧི་ཐི་ལེར་གྱིས་ཧོབ་འཐེན་ཙམ་ཡང་མེད་པར་མི་དམངས་ས་ཡ་དྲུག་བསད་ཐུབ་པ་བྱུང་ཡོད་པ་རེད། གལ་ཏེ་མི་རྣམས་དངོས་པོ་འབའ་ཞིག་ཡིན་ན། དེ་རུ་བསམ་བློ་གཉིས་པ་གཏོང་དགོས་པའི་གནད་དོན་མི་འདུག

ནུབ་ཕྱོགས་ཀྱིས་རང་གི་བླ་སྲོག་སྟེ་ནང་སེམས་ཀྱི་ཤེས་པ་བརླགས་ཡོད། གཡས་གཡོན་དུ་ཉོབ་སྣང་དང་ཟུག་རྔུ། སྙིང་པོ་མེད་པ་དག་གིས་བསྐོར་ཡོད་སྟབས་ཁོང་གིས་རང་ཉིད་བརྙེད་ཀྱི་མེད། ཚན་རིག་གི་གྲུབ་འབྲས་ཡོད་ཚད་ཀྱིས་ར་སྤྲོད་བྱེད་བཞིན་ཡོད་པ་ལ་དགོས་མཁོ་ཅི་ཡང་ཡོད་པ་མ་རེད། གང་ལེགས་ཞེ་ན། ཁང་པའི་ནང་ཤིན་ཏུ་མཁོ་བའི་ཅ་ལག་གིས་ཁེངས་ཡོད་པ་རེད། ཡིན་ནའང༌། ཁང་པའི་བདག་པོ་བརླག་བཞིན་ཡོད་པ་རེད།
ཤར་ཕྱོགས་སུ་ཁང་བདག་གསོན་པོ་བསྡད་ཡོད་པ་རེད། ཡིན་ཡང༌། ཁང་པ་སྟོང་པར་ཆགས་ཡོད། གྲོད་ཁོག་ལྟོག་བཞིན། གཟུགས་པོ་ན་བཞིན། འཆི་བས་རྗེས་སུ་དེད་ཡོང་སྐབས་དགའ་སྤྲོ་ལ་རོལ་རྒྱུ་ཁག་པོ་རེད་ལ་སྒོམ་རྒྱག་རྒྱུ་ཡོང་མི་སྲིད་པ་རེད། དེར་བརྟེན། ང་ཚོ་དགོས་གལ་མེད་པར་ཕམ་ཁ་མྱོང་མཁན་འབའ་ཞིག་ཏུ་འགྱུར་གྱིན་ཡོད།
མི་རྣམས་ལ་འཕྲད་པའི་ནག་ཉེས་ཆེན་པོ་འདིའི་འགན་ང་ཚོའི་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་དག་སྟེ་བདག་ཉིད་ཆེན་པོ་དང་མཚན་ཉིད་རིག་པ་ཡོངས་ལ་ཡོད་པ་རེད།

 བུངྷ་ཛོར་བྷ་ནི་ང་ཚོའི་དཀའ་གནད་ཀྱི་དྲི་ལན་ཡིན།
དེ་ནི་དངོས་པོ་དང་ནང་སེམས་ཀྱི་ཕྱོགས་བསྡུས་ཡིན།

འདི་ནི་དངོས་པོ་དང་ཤེས་པའི་བར་རྩོད་རྙོག་མེད་པར་ང་ཚོ་ཕྱོགས་གཉིས་ཆ་ནས་ཕྱུག་པོར་འགྱུར་ཆོག་སྟེ་འཛམ་བུ་གླིང་འདིས་ང་ཚོར་མཁོ་སྤྲོད་ག་རེ་གནང་བ་དང༌། ཚན་རིག་དང་བཟོ་ལས་རིག་རྩལ་གྱིས་ཐོན་སྐྱེད་ཅི་ཞིག་གནང་པ་ཡོད་དོ་ཅོག་ང་ཚོས་ལོངས་སྤྱོད་བྱེད་ཆོག་ལ། དེ་དང་ལྷན་དུ་ང་ཚོས་ད་དུང་བུངྷ་དང་ཀ་རྦར། ནཱ་ནག་བཅས་སྐྱེས་ཆེན་དམ་པ་འདི་དག་གིས་ཁོང་ཚོའི་ནང་སེམས་ནས་བརྙེད་པའི་དགའ་སྤྲོའི་མེ་ཏོག་དང༌། དཀོན་མཆོག་གི་དྲི་བསུང༌། རང་དབང་གི་གཤོག་སྒྲོ་བཅས་ཀྱང་བདག་ཏུ་བཟུང་ཆོག་ཅེས་པའི་ཁྱབ་བསྒྲགས་ཡིན།

བུངྷ་ཛོར་བྷ་ནི་མི་བུ་གསར་བ་སྟེ་ངོ་ལོག་པ་ཡིན།

ཁོང་གི་ངོ་ལོག་ནང་མི་རྣམས་ཀྱི་སེམས་ཁམས་འཆོལ་བའི་ན་ཚ་དེར་གཏོར་བརླགས་གཏོང་རྒྱུ་དང༌། དངོས་གཙོ་རིང་ལུགས་ལ་རྒོལ་བའི་སེམས་གཙོ་རིང་ལུགས་དང་སེམས་གཙོ་རིང་ལུགས་ལ་རྒོལ་བའི་དངོས་གཙོ་རིང་ལུགས་བཅས་ཐ་དད་དུ་གཏོང་བ་འདི་ལ་གཏོར་བཤིག་གཏོང་རྒྱུ་བཅས་ཚུད་ཡོད།

འདི་ནི་གཟུགས་པོ་དང་སེམས་པ་གཉིས་ཆབས་ཅིག་ཏུ་གནས་ཡོད་དེ་འཚོ་གནས་ནི་སེམས་ཀྱི་རང་བཞིན་གྱིས་ཡོངས་སུ་ཁེངས་ཡོད། ཐ་ན་རི་བོ་དག་ཀྱང་ནུས་ལྡན་ཡིན་པ། ཤིང་སྡོང་དག་ཀྱང་ཚོར་བ་རྣོ་བ། མདོར་ན། འཚོ་གནས་ཧྲིལ་པོ་དངོས་པོ་དང་ཤེས་པ་གཉིས་ཀ་ཡིན་པའི་བསྒྲགས་གཏམ་ཡིན། ཡང་ན། ནུས་ཤུགས་གཅིག་རྣམ་པ་གཉིས་སུ་མཚོན་ཡོད་སྲིད། ནུས་ཤུགས་དེ་གཙང་མ་བཟོ་དུས་དེ་ཡིས་ཤེས་པ་རང་མཚོན་པ་དང༌། ནུས་ཤུགས་དེ་མ་སྨིན་པ་དང༌། མཐུག་པོ་ཡིན་པ། གཙང་མ་བཟོས་མེད་སྐབས་དེ་དངོས་པོའི་ཚུལ་དུ་སྣང་གི་ཡོད། མདོར་ན། འཚོ་གནས་ཧྲིལ་པོ་ནི་ནུས་ཤུགས་ཀྱི་ཞིང་ས་ཞིག་ཡིན།

འདི་ནི་ང་རང་གི་ཉམ་མྱོང་ཡིན་པ་ལས་ངའི་ལྟ་གྲུབ་མིན། འདི་ལ་དེང་དུས་ཀྱི་དངོས་ཁམས་རིག་པ་དང་དེའི་ཞིབ་འཇུག་གིས་ཀྱང་རྒྱབ་སྐྱོར་བྱས་ཡོད་དེ་འཚོ་གནས་ནི་ནུས་ཤུགས་ཡིན་ཞེས་བསྒྲགས་ཡོད་པའི་ཕྱིར།

ང་ཚོས་མི་རྣམས་ལ་འཇིག་རྟེན་འདི་གཉིས་ལྷན་ཅིག་ཏུ་བདག་ཏུ་བཟུང་བར་འཇུག་ཆོག ཁོང་གིས་འཇིག་རྟེན་གཞན་པ་དེ་དབང་ཆེད་འཇིག་རྟེན་འདི་བློས་གཏོང་བྱེད་མི་དགོས་ལ། འཇིག་རྟེན་འདི་སྐྱིད་པོ་གཏོང་ཆེད་འཇིག་རྟེན་གཞན་པ་དེར་ངོས་ལེན་མི་བྱེད་པ་བྱེད་དགོས་དོན་མེད། དོན་དངོས་སུ་ཁྱེད་ཀྱིས་འདི་གཉིས་བདག་ཏུ་འཛིན་པའི་ནུས་པ་ཡོད་དུས་གཅིག་རང་ལ་འཐམ་ཏེ་དབུལ་ཕོངས་ཀྱི་འཚོ་བ་རོལ་དགོས་དོན་ཡོད་པ་མ་རེད།

བུངྷ་ཛོར་བྷ་ནི་ཡོངས་སྲིད་པའི་རང་བཞིན་ཆེ་ཤོས་དེ་ཡིན། ཁོང་རང་ཉིད་ཀྱི་རང་བཞིན་དང་ལྷན་དུ་ཚད་མཐོ་ཤོས་སུ་གནས་ངེས། ཁོང་གིས་སའི་གོ་ལ་འདིའི་གླུ་གཞས་དག་གདངས་སུ་གྱེར་ངེས།

ཁོང་གིས་སའི་གོ་ལ་འདིར་སླུ་བྲིད་བྱེད་མི་སྲིད་ལ་ནམ་མཁའ་འདི་ལའང་སླུ་བྲིད་གཏོང་མི་སྲིད། ཁོང་གིས་སའི་གོ་ལ་འདིའི་མེ་ཏོག་ཡོད་དོ་ཅོག་རང་ཉིད་ཀྱིས་ཡིན་པར་བསྒྲག་ངེས་ལ། ཁོང་གིས་ནམ་མཁའི་རྒྱུ་སྐར་ཚང་མའང་རང་ཉིད་ཀྱིས་ཡིན་པར་བསྒྲག་ངེས། ཁོང་གིས་ད་དུང་འཚོ་གནས་ཧྲིལ་པོ་རང་ཁྱིམ་ནང་བཞིན་ཡིན་པར་བསྒྲག་ངེས།
འདས་ཟིན་པའི་ལོ་ཟླའི་ནང་གི་མི་རྣམས་ཧ་ཅང་སྐྱོ་བོ་རེད། རྒྱུ་མཚན་ཅི་རེད་ཟེར་ན། ཁོང་ཚོས་འཚོ་གནས་འདི་བགོ་བཤའ་བརྒྱབ་ཡོད་པའི་རྐྱེན་རེད། ངའི་མི་བུ་གསར་བའམ་ངོ་ལོག་པ་བྷུངྷ་ཛོར་བྷ་ཡིས་འཛམ་གླིང་ཧྲིལ་བོ་འདི་ཁོང་གི་རང་ཁྱིམ་ནང་བཞིན་ཡིན་པར་བསྒྲག་གི་ཡོད། ཁོང་ལ་ཅི་ཞིག་ཡོད་པ་ཚང་མ་ང་ཚོ་ཐུན་མོང་གི་ཆེད་དུ་རེད། ང་ཚོས་ནག་ཉེས་དང་རྩོད་རྙོག འདམ་ག་ཅི་ཡང་མེད་པར་ངེས་པར་དུ་འབྱུང་སྲིད་པའི་ལམ་ཁ་རེ་རེ་ནས་དེ་བེད་སྤྱོད་བྱེད་དགོས། འདེམས་སྒྲུག་མེད་པའི་ཐོག་ནས་རང་ཉིད་ཀྱིས་གང་ནུས་པའི་དངོས་པོ་ཡོད་ཚད་ལོངས་སུ་སྤྱོད་དགོས། རང་ཉིད་ཀྱིས་གང་བསམ་ནུས་པའི་ཤེས་པའི་ནང་དགའ་སྤྲོ་ཡིས་འཚོ་དགོས།
ཛོར་བྷ་ཞིག་བྱེད་རོགས། ཡིན་ཡང༌། དེ་རུ་མཚམས་མ་འཇོག བུངྷ་ཞིག་བྱེད་པར་མི་མཐུད་མདུན་དུ་སྐྱོད་རོགས།

ཛོར་བྷ་ནི་ཕྱེད་ཀ་ཡིན། བུངྷ་ནི་ཕྱེད་ཀ་ཡིན།

འདི་ལ་གནའ་སྔ་མོའི་གཏམ་རྒྱུད་ཅིག་ཡོད། གྲོང་ཁྱེར་ཞིག་གི་ཉེ་འགྲམ་གྱི་ནགས་ཚལ་ཞིག་གི་ནང་སློང་མོ་བ་གཉིས་བསྡད་ཡོད། ཁོང་གཉིས་ཀ་ལས་རིགས་གཅིག་པའི་སྨན་པ་གཉིས་དང་མཁས་དབང་གཉིས། དྲང་སྲོང་གཉིས་བཞིན་རང་བཞིན་སྒོས་ཕན་ཚུན་དགྲ་བོར་ཆགས་ཡོད། གཅིག་ནི་དེ་སྔ་ལོང་པ་ཡིན་ལ་གཞན་དེ་ནི་ཞ་བོ་ཡིན། གཉིས་ཀ་འགྲན་རྩོད་ཧ་ཅང་ཆེ། ཁོང་གཉིས་ཉིན་གང་བོར་གྲོང་ཁྱེར་ནང་ཕན་ཚུན་འགྲན་བསྡུར་བྱེད་བཞིན་ཡོད།
ཡིན་ཡང༌། མཚན་མོ་ཞིག་ལ་ཁོང་ཚོའི་ཁང་ཆུང་ལ་མེ་སྐྱོན་ཐེབས། གང་ལེགས་ཞེ་ན། ནགས་ཚལ་ཧྲིལ་བོར་མེ་སྐྱོན་ཐེབས་ཡོད། ལོང་བའི་མི་དེས་བྲོས་འགྲོ་ཐུབ་ཀྱི་ཡོད། ཡིན་ཡང༌། ཁོང་གིས་ཕྱོགས་གང་ལ་བྲོས་འགྲོ་དགོས་མིན་དང་གང་ལ་ད་དུང་མེ་སྐྱོན་ཐེབས་མེད་པ་མཐོང་ཐུབ་ཀྱི་མེད། མི་ཞ་བོ་དེས་ད་དུང་མེ་སྐྱོན་འདི་ལས་ཐར་ཐུབ་པའི་གོ་སྐབས་ཡོད་པ་མཐོང་གི་ཡོད། དེ་ལྟ་ནའང༌། ཁོང་བྲོས་འགྲོ་ཐུབ་ཀྱི་མེད། མེ་སྐྱོན་དེ་སྔ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན། ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་རྫོགས་ལ་ཉེ་བ་ཡོད་པ་གཅིག་པུ་མཐོང་ཐུབ་ཀྱི་ཡོད།
ཁོང་གཉིས་ཀས་ཕན་ཚུན་ལ་རོགས་རམ་བྱེད་དགོས་པ་ཤེས་རྟེོགས་བྱུང༌། མི་ཞ་བོ་དེར་
"མི་འོན་པ་འདི་བྲོས་འགྲོ་ཐུབ་ཀྱི་འདུག ངས་མཐོང་ཐུབ་ཀྱི་འདུག་"ཅེས་གློ་བུར་དུ་ངོས་འཛིན་ཞིག་ཐོབ། དེ་ནས་ཁོང་ཚོས་སོ་སོའི་འགྲན་རྩོད་བརྗེད། གཉིས་ཀའི་ཚེ་སྲོག་གཉན་འཕྲང་ལ་ཐུག་སྐབས་ཕན་ཚུན་བར་གྱི་ལྐུགས་པའི་ཞེ་འཁོན་བརྗེད་འགྲོ་ངེས་ཡིན།
ཁོང་ཚོས་ཕྱོགས་བསྡུས་ཆེན་པོ་ཞིག་བཟོས་ཡོད།
ལོང་བས་ཞ་བོ་དེ་ཁོང་གི་རྒྱབ་ལ་འཁུར་ཏེ་གཅིག་གིས་ལམ་བསྟན་གཅིག་གིས་འཁུར་ཏེ་འགྲོ་བར་འཐད་པ་བྱུང༌། འདི་ལྟར་ཁོང་ཚོས་སོ་སོའི་ཚེ་སྲོག་བསྐྱབས་པ་རེད། ཁོང་ཚོས་ཕན་ཚུན་སོ་སོའི་ཚེ་སྲོག་བསྐྱབས་པར་བརྟེན་ནས་གྲོགས་པོར་ཆགས། ཁོང་ཚོས་ཐེངས་དང་པོར་སོ་སོའི་འགལ་ཟླ་དག་དོར་བ་རེད།

ཛོར་བྷ་ནི་ལོང་བ་ཡིན། ཁོང་གིས་མཐོང་ཐུབ་ཀྱི་མེད། ཡིན་ཡང༌། ཁོང་ཞབས་བྲོ་འཁྲབ་ཐུབ་ཀྱི་ཡོད། གླུ་གཞས་གཏོང་ནུས་ཀྱི་ཡོད། ཁོང་དགའ་སྤྲོར་རོལ་ཐུབ་ཀྱི་ཡོད། བུངྷ་ཡིས་མཐོང་གཅིག་པུ་ཐུབ་ཀྱི་ཡོད། ཁོང་ནི་ལྷད་མེད་ཀྱི་མིག་ཟུང་ཡིན། དྭངས་གསལ་དང་ཚོར་རྟོག་ཡིན། ཡིན་ཡང༌། ཁོང་ཞབས་བྲོ་འཁྲབ་ཐུབ་ཀྱི་མེད། ཁོང་ནི་རྐང་ལག་སྐྱོན་ཅན་ཞིག་ཡིན། ཁོང་གིས་གླུ་གཞས་གཏོང་ཐུབ་ཀྱི་མེད། ཁོང་དགའ་སྤྲོར་རོལ་ཐུབ་ཀྱི་མེད།
འདི་ནི་དུས་སྐབས་རེད། འཛམ་གླིང་འདི་མེ་རིའི་ནང་ལྷག་ཡོད། མི་ཚང་མའི་ཚེ་སྲོག་ཉེན་ཁར་ཚུད་ཡོད། ཛོར་བྷ་དང་བུངྷ་གཉིས་ཀའི་ཐུག་འཕྲད་ཀྱིས་འགྲོ་བ་མིའི་རིགས་ཧྲིལ་པོ་འདི་སྐྱོབ་ཐུབ། མཇལ་འཕྲད་འདི་ནི་རེ་བ་གཅིག་པུ་དེ་རེད།
བུངྷ་ཡིས་ཕ་རོལ་ལ་བལྟ་བའི་དྭངས་གསལ་གྱི་མིག་ཟུང་ཞིག ཤེས་པའི་བློ་མིག་ཅིག་སྦྱིན་ནུས། མིག་ཟུང་དེས་ཡོངས་སུ་མི་མངོན་པའི་བྱ་དངོས་དག་མཐོང་ནུས། ཛོར་བྷ་ཡིས་ཁོང་གི་ཚེ་སྲོག་ཧྲིལ་པོ་བུངྷ་ཡི་རྟོག་འཆར་ཆེད་འབུལ་ནུས། ཁོང་གིས་འཆར་སྣང་དེ་འཆར་སྣང་ཙམ་དུ་གནས་མི་འཇུག་པར་ཞབས་བྲོ་དང་གླུ་གཞས་ཀྱིས་ཁེངས་པའི་དགའ་སྤྲོ་ཚད་མེད་ཀྱི་མི་ཚེའི་ལམ་ཁ་ཞིག་ལ་བཟོ་ངེས།

ཤྲི་རེ་ལན་ཁའི་གཞུང་ཚབ་པས་ང་ལ་ཡི་གེ་ཞིག་བཏང་སྟེ་བུངྷ་ཛོར་བྷ་ཞེས་པའི་མིང་ཚིག་འདི་བེད་སྤྱོད་མཚམས་འཇོག་དགོས་པར་བཤད་ཀྱི་འདུག ཤྲི་རེ་ལན་ཁ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས་ཁོང་གིས་ཁྱེད་ཀྱིས་ཛོར་བྷ་ཞེས་པའི་མིང་འདི་བུངྷ་དང་ལྷན་དུ་སྦྱོར་བ་དེས་ང་ཚོའི་ཆོས་སེམས་ལ་རྨས་སྐྱོན་གཏོང་གི་འདུག་ཟེར།
ངས་ཁོང་ལ་ཁྱེད་ཀྱིས་ཕལ་ཆེར་བུངྷ་ནི་མི་སྒེར་གྱི་རྒྱུ་ནོར་མིན་པ་ཤེས་ཡོད་ས་མ་རེད། བུངྷ་ཞེས་པ་འདི་ཁྱོད་ཚོས་རང་གི་ལྷ་ཁང་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་དད་གུས་བྱས་པའི་བུངྷ་ཡིན་དགོས་དོན་ཡོད་པ་མ་རེད། བུངྷ་ནི་སངས་རྒྱས་མཁན་ལ་གོ་དགོས་པ་རེད། དེ་ནི་རྒྱན་ཚིག་ཅིག་ཡིན་པ་ལས་མི་སྒེར་གྱི་མིང་ཞིག་མ་རེད། རྗའེ་སོ་སུ་ལ་བུངྷ་ཟེར་ཆོག་གི་རེད། རྗེད་ནཱ་གསུང་རབ་ནང་དུ་མཱ་ཧ་ཝེ་ར་ལ་བུངྷ་ཟེར་གྱི་འདུག ལའོ་ཙི་ལའང་བུངྷ་ཟེར་ཆོག་ནི་རེད། མདོར་ན། སུ་སངས་རྒྱས་ན་དེ་ནི་བུངྷ་རེད། བུངྷ་ཞེས་པའི་མིང་ཚིག་འདིའི་གོ་དོན་ནི་སངས་རྒྱས་མཁན་ཁོ་ན་ལས་གོ་དགོས། ད་ལྟ་རྟོགས་སད་དམ་སངས་རྒྱས་ནི་སུ་ཞིག་གི་རྒྱུ་ནོར་མ་རེད། སུ་གཉིད་ཁོད་ཐུབ་ན་དེ་རྨོངས་གཉིད་ལས་སད་ཐུབ། གལ་ཏེ་ཁྱེད་རང་གཉིད་ཁོད་ཐུབ་ཀྱི་ཡོད་ན། ཁྱེད་རང་གཉིད་ལས་སད་ཐུབ་ཀྱི་ཡོད། དེ་ནི་རང་བཞིན་ཞིག་རེད། དེ་ནི་རྗེས་མཐུན་གྱི་འབྲས་བུ་ཞིག་རེད། དེ་ནི་གཏན་ཚིགས་དང་མཐུན་པ་ཞིག་རེད། ཛོར་བྷ་གཉིད་ཁོད་བསྡད་ཡོད་པ་རེད། དེར་བརྟེན། ཁོང་གཉིད་ལས་སད་ཐུབ་པའི་ནུས་པ་ཡོད་པ་རེད། དེའི་རྐྱེན་གྱིས་ཁོང་ཁྲོ་ཟ་མི་དགོས་སར་རླུང་མ་ལངས་རོགས། སྐུ་མཁྱེན། ངས་ཁྱོད་ཚོའི་གོ་ཏམ་བུངྷ་སྐོར་ལ་བཤད་ཀྱི་མེད། ངས་རྟོགས་སད་ཀྱི་དྭངས་གཙང་གི་སྤུས་ཀའི་སྐོར་ལ་བཤད་ཀྱི་ཡོད། ངས་དེ་ནི་མཚོན་རྟགས་ཚུལ་དུ་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་འདི་ལྟར་བྲིས་ཡོད།

བུངྷ་ཛོར་བྷ་ནི་མི་བུ་གསར་བ་ཞིག་གི་མིང་གསར་བ་ཁོ་ན་ཡིན། དེ་ནི་དུས་རབས་གསར་བ་ཞིག་གི་མིང་གསར་བ་ཞིག་ཡིན། དེ་ནི་འགོ་འཛུགས་གསར་བ་ཞིག་གི་མིང་གསར་བ་ཞིག་ཡིན།
ཁོང་གིས་ཕྱིར་ལན་བརྒྱབ་མ་བྱུང༌། ཐ་ན་གཞུང་ཚབ་པའི་གོ་ས་བཟུང་མཁན་ཞིག་ཀྱང་འདི་འདྲའི་ཁེངས་དྲག་ཅན། འདི་འདྲའི་བླུན་རྨོངས་ཅན་ཞིག་རེད། ཁོང་གིས་ཐ་ན་བུངྷ་ཡི་གོ་དོན་ཙམ་ཡང་མ་ཤེས་པར་ང་ལ་འཕྲིན་ཡིག་གལ་ཆེན་པོ་ཞིག་བྲིས་ཡོད་བསམས་ཡོད་ཀྱི་རེད། བུངྷ་ནི་གོ་ཏ་མ་ཡི་མཚན་མ་རེད། ཁོང་གི་མཚན་ལ་དེ་སྔ་གོ་ཏམ་སེ་དྷར་ཐ་ཟེར་གྱི་ཡོད་པ་རེད། བུངྷ་ནི་ཁོང་གི་མཚན་མ་རེད། ཁོང་གིས་ཕ་མས་བཏགས་པའི་མཚན་ལ་གོ་ཏམ་སེ་དྷར་ཐ་རེད། སེ་དྷར་ཐ་ནི་ཁོང་གི་མཚན་རེད། གོ་ཏ་མ་ནི་ཁོང་གི་ཁྱིམ་ཚང་གི་མིང་རེད། ཁོང་ལ་བུངྷ་ཟེར་དོན་ནི་ཁོང་སངས་རྒྱས་པའི་རྐྱེན་རེད། དེ་མིན་ཁོང་ཡང་ཛོར་བྷ་ཞིག་རེད། རྨོངས་གཉིད་ལས་སད་མེད་པའི་མི་སུ་ཡིན་ནའང་ཛོར་བྷ་ཞིག་རེད།

ཛོར་བྷ་ནི་རྟོག་བཏགས་ཀྱི་མི་སྣ་ཞིག་ཡིན། ཁོང་གིས་གཟུགས་པོའི་བདེ་བ་དག་དང་ཚོར་བའི་བདེ་བ་དག་ལ་ཡིད་ཆེས་བྱས་ཡོད། ཁོང་གིས་རང་ཉིད་སྐྱེས་པ་རྗེས་མར་ལྷ་ཡུལ་ལ་འགྲོ་བའམ་དམྱལ་བ་ལ་གཡུགས་འགྲོ་མིན་ལ་སེམས་ཁྲལ་མ་བྱས་པར་རང་ཉིད་ཀྱི་མི་ཚེ་དགའ་དགའ་སྤྲོ་སྤྲོའི་ངང་ལོངས་སུ་སྤྱད་ཡོད། ཁོང་ནི་དེ་སྔ་གཡོག་པོ་ཞིག་ཡིན། ཁོང་གི་སྦྱིན་བདག་ནི་ཧ་ཅང་ཕྱུག་པོ་ཞིག་ཡིན། ཡིན་ཡང༌། དབྱིན་ཇི་བ་ནང་བཞིན་ཤིན་ཏུ་སྒམ་བརླིང་དང་གདོང་ལ་མྱ་ངན་གྱིས་ཁེངས་ཡོད་པ་ཞིག་ཡིན།

ཟླ་བ་ཉ་གང་བའི་མཚན་མོ་ཞིག་ལ་་་་་་་ ངས་ཁོང་གིས་རང་གི་སྦྱིན་བདག་ལ་ག་རེ་ལབ་པ་བརྗེད་ཐུབ་ཀྱི་མི་འདུག ཁོང་དེ་སྔ་ཁོང་གི་ཁང་ཆུང་ནང་བསྡད་ཡོད། ཁོས་པི་ཝང་བཟུང་སྟེ་རྒྱ་མཚོའི་འགྲམ་དུ་ཞབས་བྲོ་འཁྲབ་པར་ཕྱིན། ཁོས་དེ་སྔ་རང་གི་སྦྱིན་བདག་ཀྱང་མགྲོན་འབོད་བྱས་ཡོད། ཁོས་བརྗོད་དོན། སྦྱིན་བདག་ལགས། ཁྱོད་ལ་ནོར་འཁྲུལ་གཅིག་རང་འདུག དེ་ནི་བསམ་བློ་གཏོང་ཡ་མང་དྲག་འདུག་པ་དེ་རེད། འདིར་ཕེབས་དང༌། ད་ནི་བསམ་བློ་གཏོང་བའི་དུས་མ་རེད། ཟླ་བ་ཉ་གང་རེད་ལ། རྒྱ་མཚོ་ཧྲིལ་པོ་གར་ལ་རོལ་བཞིན་འདུག རྩོད་ལེན་འདི་ཤོར་དུ་མ་འཇུག་ཟེར།

ཁོས་སྦྱིན་བདག་གི་དཔུང་པ་ནས་འཐེན། སྦྱིན་བདག་གིས་ཁོང་ལས་གཡོལ་ཆེད་འབད་བརྩོན་བྱས། གང་ལེགས་ཞེ་ན། ཛོར་བྷ་དེ་སྔ་མཚན་མོ་རེ་རེར་མཚོ་འགྲམ་དུ་ཞབས་བྲོ་འཁྲབ་པར་གོམས་ཡོད་པ་རེད། ཁོང་རྦད་དེ་སྨྱོན་པ་ཆགས་ཡོད་པ་རེད། སྦྱིན་བདག་ཁོང་གལ་ཏེ་མི་ཞིག་གིས་ཁོང་ཡང་ཛོར་བྷ་དང་ལྷན་དུ་ཡོད་པ་མཐོང་ན་ག་རེ་བྱེད་བསམས་ཏེ་ཁ་སྐྱེངས་ཀྱི་ཡོད།་ ཛོར་བྷ་ཡིས་ཁོང་ཡར་ལངས་པར་རེ་སྐུལ་ཞུ་བ་གཅིག་པུ་མ་ཡིན་པར་ཁོང་དང་ལྷན་དུ་ཞབས་བྲོ་འཁྲབ་པར་གདན་ཞུ་གནང་གི་ཡོད་པ་རེད་ཨང༌།
བཅོ་ལྔའི་དུང་ཟླ་དང་རྒྱ་མཚོའི་རྦ་རླབས། ད་དུང་ཞབས་བྲོ་འཁྲབ་བཞིན་པའི་རྒྱ་མཚོ་དང་པི་ཝང་བཟུང་སྟེ་གླུ་གཞས་གཏོང་བཞིན་པའི་ཛོར་བྷ་བཅས་མཐོང་བ་དང༌། ཁོང་གི་རྐང་པར་སྔོན་ཆད་གཏན་ནས་སྐྱེས་མ་མྱོང་བའི་ནུས་ཤུགས་ཀྱི་ཚོར་བ་ཞིག་སྐྱེས་འགོ་བརྩམས། སྐུལ་ལྕགས་དང་ནན་སྐུལ་དུ་མ་ལ་བརྟེན་ཏེ་མཐར་ཁོང་ཡང་ཞབས་བྲོའི་ནང་འཛུལ་ཞུགས་བྱས། ཐོག་མར་ཁོང་འཐད་ལ་མི་འཐད་ངང་མཐའ་བསྐོར་ལ་ལྟ་ཙམ་གནང༌། ཡིན་ཡང༌། མཚན་གུང་ལ་མཚོ་འགྲམ་དུ་མི་སུ་ཡང་མེད་པ་མཐོང༌། དེའི་རྗེས། ཁོས་འཇིག་རྟེན་འདིའི་ཡོད་ཚད་བརྗེད་དེ་ཞབས་བྲོ་འཁྲབ་མཁན་ཛོར་བྷ་དང་ལྷན་དུ་ཞབས་བྲོ་འཁྲབ་འགོ་ཚུགས། ཡོད་ཚད་ཀྱི་ཡོད་ཚད་བརླགས་ཡོད། ཐམས་ཅད་ཞབས་བྲོ་ཞིག་ཏུ་གྱུར་ཡོད།

ཛོར་བྷ་ནི་རྟོག་བཏགས་ཀྱི་མི་སྣ་ཞིག་ཡིན། བུངྷ་ནི་རྨོངས་གཉིད་ལས་སད་མཁན་ཚང་མར་སྤྱོད་པའི་རྒྱན་ཚིག་ཅིག་ཡིན། ནང་པ་ཚོ་སེམས་ལ་དོ་ཕོག་བྱུང་དགོས་དོན་མེད།
ངས་བུངྷ་ལ་ཞབས་བྲོ་འཁྲབ་པར་ནུས་ཤུགས་སྤྲོད་ཀྱི་ཡོད། ངས་མི་རྣམས་ཀྱིས་ནམ་མཁའི་ཚུར་རོལ་ནས་རྒྱང་རིང་གི་འཚོ་གནས་ཀྱི་ལས་དབང་དག་དང་འཕེལ་རིམ་དག་མཐོང་བར་ཛོར་བྷ་ཡི་མིག་ཟུང་སྤྲོད་ཀྱི་ཡོད།

ང་ཡི་ངོ་ལོག་པ་ནི་བུངྷ་ཛོར་བྷ་ལས་གཞན་སུ་ཡང་མིན།

No comments:

Post a Comment