Saturday, March 17, 2012


 'བདེན་པ'ཡི་དོགས་སློང༌།
ཅི་ཞིག་ལ་བདེན་པ་ཟེར།
                                                   ཀྲི་ཤི་ན་མུཀ་ཏེ། མང་རའི་གངས་ཐིགས་ཀྱིས་བསྒྱུར།

'ཅི་ཞིག་ལ་བདེན་པ་ཟེར། དེ་ནི་ཐུན་མོང་གི་རྩོད་གཞི་ཞིག་རེད་དམ། དེ་ནི་རང་ངོས་ཀྱི་བསམ་ཚུལ་ཞིག་རེད། ཡང་ན་མི་སྒེར་གྱི་ཉམས་མྱོང་ཞིག་རེད།'
དེ་ལ་མིང་གང་འདྲ་ཞིག་བཏགས་ཀྱང་རུང༌། བདེན་པ་ནི་ཇི་སྲིད་དུ་
"གསར་བ་"དང་"གསོན་པོ"་ཡིན་དགོས། ཡིན་ཡང༌། "གསར་བ"་དང་"གསོན་པོ"་ཞེས་པའི་ཐ་སྙད་འདིས་བདེན་པ་ནི་མི་བུའི་བློ་ངོར་གཡོ་བ་མེད་པ་ཞིག་མ་ཡིན་པ། ཤི་བོ་མ་ཡིན་པ། འགྱུར་བ་མེད་པའི་དོན་གནད་ཅིག་མ་ཡིན་པའི་གནས་སྟངས་འབའ་ཞིག་ཡིན་པ་སྟོན་གྱི་ཡོད། བདེན་པ་ནི་ངེས་པར་དུ་སྐད་ཅིག་ནས་སྐད་ཅིག་ལ་བསྐྱར་དུ་གསར་རྟོགས་བྱེད་དགོས་པ་ཞིག་ཡིན། དེ་ནི་བསྐྱར་ཟློས་བྱེད་ཆོག་པའི་ཉམས་མྱོང་ཞིག་མིན། དེར་རྒྱུན་མཐུད་རང་བཞིན་མེད། དེ་ནི་དུས་བཀག་མེད་པའི་གནས་བབ་ཅིག་ཡིན། བདེན་པ་ཡིན་དགོས་ན་གཅིག་དང་དུ་མའི་དབྱེ་བ་ངེས་པར་དུ་མཚམས་འཇོག་དགོས། དེ་ནི་འགྲུབ་ཐུབ་པའི་གནས་བབ་ཅིག་མིན་ལ། སེམས་འདི་དེའི་ཕྱོགས་སུ་འཕེལ་འགྱུར་དང་འཚར་ལོང་བྱེད་ཐུབ་པ་སྟོན་པའི་ཚད་གཞི་ཞིག་ཀྱང་མིན། གལ་ཏེ་བདེན་པ་འདི་འགྲུབ་རྒྱུ་ཡོད་པ་ཞིག་ཡིན་པ་བློ་ངོར་འཆར་བ་ཡིན་ན། དེའི་རྗེས་ཤེས་བྱའི་བློ་སྦྱོང་དང་དྲན་པའི་གསོག་འཇོག་འདི་དགོས་ངེས་ཤིག་ཏུ་འགྱུར་གྱིན་ཡོད། འདི་ཡིས་བླ་མ་དང་རྗེས་འཇུག་པ་ཞེས་པ་འདི་འབྱུང་དུ་འཇུག་གིན་ཡོད།
'འོ་ན་ཁྱོད་ཀྱིས་བླ་མ་དང་རྗེས་འཇུག་པ་དག་ལ་རྒྱབ་འགལ་བྱེད་བཞིན་ཡོད་པ་རེད་དམ།'
དེ་ནི་སུ་ཞིག་ལ་རྒྱབ་འགལ་གནང་མཁན་ཡིན་མིན་གྱི་གནད་དོན་མ་རེད། དེ་ནི་མཐུན་ཆོས་
conformityའདི་རྟོགས་པར་བྱེད་རྒྱུ་དེ་རེད། མཐུན་་ཆོས་ཞེས་པ་འདི་སོ་སོར་སྲུང་སྐྱོབ་ཀྱི་འདོད་པ་དེ་ཡིན། འཇིགས་སྐྲག་དང་ལྷན་དུ་མཐུན་ཆོས་འདིས་ཚད་བཀག་མེད་པའི་ཉམས་མྱོང་འདིར་སྔོན་འགོག་བྱེད་ཀྱི་ཡོད།
'ཁྱོད་ཀྱིས་ཅི་ཞིག་གསུང་བཞིན་པ་ངས་ཤེས་ཡོད་བསམ་གྱི་ཡོད། ཡིན་ཡང༌། རང་ཉིད་ཀྱིས་བསགས་པ་ཡོད་ཚད་བློས་གཏོང་བྱེད་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་མ་རེད་དམ། དེ་འདྲ་དངོས་གནས་འབྱུང་སྲིད་པ་རེད་དམ།'
བདེན་པ་རྟོགས་པའི་ཆེད་དུ་གང་ཞིག་འདོར་བ་ནི་བློས་གཏོང་གཏན་ནས་མ་རེད། རྫུན་ལ་རྫུན་དུ་ལྟ་བ། རྫུན་མའི་ནང་གི་བདེན་པར་ལྟ་བ། བདེན་པ་བདེན་པ་རུ་ལྟ་བ། འདི་དག་གིས་ང་ཚོའི་བསམ་བློར་བཅིངས་འགྲོལ་གཏོང་གི་ཡོད།
                                               གངས་ཐིགས་ཀྱིས་དབྱིན་ཡིག་ནས་བསྒྱུར།
སྒྱུར་མཁན་གྱི་མཆན།
'བདེན་པ'ཡི་དོགས་སློང་ཞེས་པ་སྒྱུར་མཁན་གྱིས་བཏགས་པ་ཡིན། conformityནི་རང་ཉིད་ཀྱི་འཚོ་གནས་ཆེད་དུ་ཁྲིམས་དང་སྒྲིག་གཞི་སོགས་ལ་སྒོ་བསྟུན་བྱེད་པའི་འདོད་པ་ལ་གོ་དགོས་སྙམ།


No comments:

Post a Comment