Saturday, March 17, 2012


ཁྱེད་རང་གསར་བརྗེ་བ་བྱེད་འདོད་ཡོད། ངོ་ལོག་པ་བྱེད་འདོད་ཡོད།

ཨོ་ཤོ། མང་རའི་གངས་ཐིགས་ཀྱིས་བསྒྱུར

ངོ་ལོག་པ་དང་གསར་བརྗེ་བའི་བར་ལ་གྲངས་འབོར་གྱི་ཆ་ནས་ཁྱད་པར་ཡོད་པ་ཙམ་མ་ཟད། སྤུས་ཀའི་ཆ་ནས་ཀྱང་ཁྱད་པར་ཡོད། གསར་བརྗེ་བ་ནི་ཆབ་སྲིད་འཇིག་རྟེན་གྱི་ཆ་ཤས་ཤིག་ཡིན། ཁོང་གི་ཐབས་ལམ་ནི་ཆབ་སྲིད་རིག་པ་ཡིན་ཞིང། མི་ལ་འགྱུར་བ་གཏོང་དགོས་ན་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་དགོས་པར་བསམ་གྱི་ཡོད།

ངོ་ལོག་པ་ནི་ནང་སེམས་ཀྱི་མངོན་ཚུལ་ཞིག་ཡིན། ཁོང་གི་ཐབས་ལམ་ནི་མི་བུ་སྒེར་བ་ཡིན།

ཁོང་གི་རྟོག་འཆར་ནི་གལ་ཏེ་ང་ཚོས་སྤྱི་ཚོགས་འགྱུར་བ་གཏོང་འདོད་ཡོད་ན་ཐོག་མར་ངེས་པར་དུ་མི་སྒེར་སོ་སོ་འགྱུར་བ་གཏོང་དགོས་ཞེས་པ་འདི་ཡིན།

སྤྱི་ཚོགས་ཞེས་པ་འདི་རང་ངོས་ནས་འཚོ་ཐབས་བྱེད་ཀྱི་མེད། དེ་ནི་མི་ཚོགས ཞེས་པ་དང་འདྲ་བར་ཐ་སྙད་འབའ་ཞིག་ཡིན། གལ་ཏེ་ཁྱེད་རང་དེ་འཚོལ་དུ་སོང་ན། ཕྱོགས་གང་སར་རྙེད་རྒྱུ་ཅི་ཡང་ཡོད་པ་མ་རེད། ཁྱེད་རང་དུས་ནམ་ཡང་མི་སུ་ལ་ཐུག་ན་དེ་ནི་མི་བུ་སྒེར་བ་འདི་ཡིན་ངེས་རེད། སྤྱི་ཚོགས་ཟེར་བ་འདི་ཕྱོགས་བསྡུས་ཀྱི་མིང་ཞིག་རེད། དེར་ནང་སྙིང་ཡོད་པ་མ་རེད། དེ་ནི་མངོན་སུམ་དུ་གནས་པའི་བྱ་དངོས་ཤིག་མ་རེད། དེ་ནི་མིང་ཙམ་རེད། མི་བུ་སྒེར་བ་འདིར་བླ་སྲོག་ཅིག་ཡོད་པ་རེད། ཁོང་ལ་འཕེལ་རིམ་དང་འགྱུར་ལྡོག འགྱུར་བ་འབྱུང་སྲིད་པའི་རང་བཞིན་དེ་ཡོད་པ་རེད། དེར་བརྟེན། ཁྱད་པར་ཧ་ཅང་ཆེན་པོ་རེད།

ངོ་ལོག་པ་ནི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་རེད།
ཁོང་གིས་འཇིག་རྟེན་འདིར་ནང་སེམས་ཀྱི་འགྱུར་བ་ཞིག་འཁྱེར་ཡོང་གི་ཡོད།
གལ་ཏེ་མི་སྒེར་གྱི་ནང་སེམས་ལ་འགྱུར་བ་བྱུང་བ་ཡིན་ན། སྤྱི་ཚོགས་ཀྱི་སྒྲོམ་གཞི་ལ་དབང་མེད་ཀྱིས་འགྱུར་བ་ཐེབས་ངེས་རེད། གལ་ཏེ་དེ་ལས་ལྡོག་ན་དེ་ནི་འགྲིག་གི་མེད། འདི་ནི་འདས་ཟིན་པའི་ལོ་རྒྱུས་ནང་བྱུང་བའི་གསར་བརྗེ་དག་གིས་ར་སྤྲོད་བྱས་ཡོད། རྒྱུ་མཚན་ནི་གསར་བརྗེ་ཡོད་ཚད་ཕམ་ཁ་བྱུང་ཡོད་པ་རེད།

གསར་བརྗེ་ཡིས་ད་དུང་ཡིན་ནའང་མི་བུ་སྒེར་བ་ལ་འགྱུར་བ་གཏོང་བར་ལེགས་འགྲུབ་ཅི་ཡང་བྱུང་ཡོད་པ་མ་རེད། ཡིན་ནའང༌། མི་རྣམས་ཀྱིས་ད་དུང་དངོས་ཡོད་གནས་ལུགས་འདི་ཤེས་ཀྱི་མེད་པ་འདྲ། ཁོང་ཚོས་ད་ལྟ་མི་མཐུད་དུ་སྤྱི་ཚོགས་དང་སྲིད་གཞུང༌། དཔོན་ངན་རིང་ལུགས། རྩ་ཁྲིམས། ཆབ་སྲིད་རང་ལུགས་བཅས་ཀྱི་གསར་བརྗེའི་ཆ་ནས་བསམ་བློ་གཏོང་གི་ཡོད་པ་རེད། བཀས་བཀོད་རྒྱུད་འཛིན་རིང་ལུགས་པ་དང་མ་རྩ་རིང་ལུགས་པ། དམར་ཕྱོགས་རིང་ལུགས་པ། སྤྱི་ཚོགས་རིང་ལུགས་པ། ཧཕ་སེ་རིང་ལུགས་པ་བཅས་ཁོང་ཚོ་ཚང་མ་སོ་སོའི་ལམ་ཁའི་སྟེང་གི་གསར་བརྗེ་བ་རེད། ཁོང་ཚོ་ཚང་མ་ཕམ་པ་རེད། རྦད་དེ་ཕམ་པ་རེད། རྒྱུ་མཚན་ནི་མི་བུ་སྒེར་བ་ལ་འགྱུར་བ་ཅི་ཡང་མ་བྱུང་བར་སྔོན་བཞིན་ལྷག་ཡོད།

གོ་ཏམ་བུངྷ། རྫ་ར་ཐོ་སི་ཊིར། རྗའེ་སོ་སུ་བཅས་མི་བུ་འདི་ཚོ་ཚང་མ་ངོ་ལོག་པ་རེད། ཁོང་ཚོ་ཚང་མས་མི་བུ་སྒེར་བ་ལ་ཡིད་ཆེས་བཅངས་ཡོད་པ་རེད། ཡིན་ཡང༌། ཁོང་ཚོ་ལའང་ལེགས་འགྲུབ་བྱུང་ཡོད་པ་མ་རེད། འོན་ཀྱང༌། ཁོང་ཚོའི་ཕམ་ཁ་ནི་གསར་བརྗེ་བ་དག་གི་ཕམ་ཁ་ལས་རྦད་དེ་ཐ་དད་ཆགས་ཡོད། གསར་བརྗེ་བ་དག་གིས་རྒྱལ་ཁབ་མང་པོ་ཞིག་གི་ནང་ལམ་ཁ་འདྲ་མིན་གྱི་ཐོག་ནས་ཁོང་ཚོའི་བརྟག་ཐབས་རིག་པ་ཚོད་ལྟ་བྱས་ཡོད་ཀྱང་ཕམ་ཁ་མྱངས་ཡོད་པ་རེད། ཡིན་ཡང༌། གོ་ཏམ་བུངྷ་ལའང་ལེགས་འགྲུབ་བྱུང་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་ཁོང་གིས་ཚོད་ལྟ་བྱས་མེད་པ་རེད། རྗའེ་སོ་སུལ་་འང་ལེགས་འགྲུབ་བྱུང་ཡོད་པ་མ་རེད། ཅིའི་ཕྱིར་ཞེ་ན། རྗེའུ་མི་རིགས་ཀྱིས་ཁོང་རྒྱང་ཤིང་བརྒྱབ་ནས་བསད་པ་དང་ཡེ་ཤུ་ཆོས་ལུགས་པ་ཚོས་དུར་སྦས་བྱས་པ་རེད། ཁོང་གིས་ཚོད་ལྟ་བྱས་མེད་པ་རེད། ཁོང་ལ་གོ་སྐབས་སྤྲད་ཡོད་པ་མ་རེད།

ངའི་རྗེས་འཇུག་པ་དག་ངེས་པར་དུ་ངོ་ལོག་པ་བྱེད་དགོས་པ་ལས་གསར་བརྗེ་བ་བྱེད་མི་རུང༌། གསར་བརྗེ་བ་དག་ནི་འཇིག་རྟེན་འདིའི་རྒྱུན་ལྡན་གྱི་ཁྱབ་ཁོངས་ཤིག་ལ་གཏོགས་པ་རེད། ངོ་ལོག་པ་དང་ངོ་ལོག་གཉིས་ཧ་ཅང་རྩ་ཆེན་ཡིན། གསར་བརྗེ་བ་རང་ཉིད་གཅིག་པུ་ལང་ཐུབ་ཀྱི་མེད། ཁོང་ལ་མི་ཚོགས་ཤིག ཆབ་སྲིད་ཚོགས་པ་ཞིག སྲིད་གཞུང་ཞིག་དགོས་པ་རེད། ཁོང་ལ་དབང་ཆ་དགོས་ཀྱི་ཡོད། དབང་ཆས་ཁོང་རང་ལྐོག་ཟ་རུལ་སུངས་སུ་བཟོ་གིན་ཡོད། ཆ་ཚང་བའི་དབང་ཆས་ཁོང་རང་དོན་དམ་པའི་རུལ་སུངས་བ་ཞིག་ལ་བཟོ་གིན་ཡོད།

དབང་ཆའི་འཐབ་རྩོད་ཁྲོད་རྒྱལ་ཁ་ཐོབ་པའི་གསར་བརྗེ་བ་ཡོངས་རྫོགས་དབང་ཆ་ཡིས་ལྐོག་ཟ་རུལ་སུངས་ལ་བཏང་ཡོད། ཁོང་ཚོས་དབང་ཆ་དང་ལྷན་ཁང་དག་ལ་འགྱུར་བ་གཏོང་མ་ཐུབ་པར་དབང་ཆས་ཁོ་རང་དང་ཁོ་རང་ཚོའི་བསམ་བློར་འགྱུར་བ་བཏང་ཡོད། དེ་ཡིས་ཁོ་རང་ཚོར་བསྲེ་ལྷད་ཞུགས་ཡོད། སྟོབས་ཤུགས་ཡོད་མཁན་ཚོའི་མིང་གཅིག་པུ་མི་འདྲ་བ་ཞིག་ལ་གྱུར་ཡོད་པ་མ་གཏོགས། སྤྱི་ཚོགས་ནི་ད་དུང་སྔོན་བཞིན་གཅིག་པ་གཅིག་རྐྱང་དུ་ལྷག་ཡོད།

མི་བུའི་ཤེས་པ་འདི་དུས་རབས་མང་པོའི་རིང་ཡར་སྐྱེད་བྱུང་མེད། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཐེངས་གཅིག་ལ་མི་བུ་གཅིག་སྐྱེས་ཀྱི་རེད། མི་བུ་ས་ཡ་མང་པོ་ནང་དུ་མི་བུ་གཅིག་སྐྱེས་པ་དེ་དབང་ལུང་ཞིག་མ་རེད། དེ་ནི་དམིགས་བསལ་ཞིག་རེད། མི་བུ་ཁོང་ཁེར་རྐྱང་ཡིན་ཙང༌། མི་ཚོགས་ཀྱིས་ཁོང་ལ་བཟོད་བསྲན་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཁོང་ནི་དམའ་འབེབས་བྱེད་ཡུལ་གྱི་རིགས་ཤིག་ལ་འགྱུར་གྱི་ཡོད། ཁོང་ས་ཐོག་འདི་རུ་གནས་པ་ཙམ་གྱིས་མཐོང་ཆུང་ཁྱད་གསོད་ཅིག་ཏུ་འགྱུར་གྱི་ཡོད། ཅིའི་ཕྱིར་ཞེ་ན། ཁོང་གིས་ཁྱེད་ཀྱི་མིག་ཟུང་འབྱེད་ཀྱི་ཡོད་པའི་རེད། ཁོང་གིས་ཁྱེད་ལ་ཁྱེད་ཀྱི་རང་སྟེང་གི་ནུས་པ་དང་མ་འོངས་བ་རྟོགས་པར་འཇུག་གིན་ཡོད་པའི་རྐྱེན་རེད།

དེ་ཡིས་ཁྱེད་ཀྱི་རང་གཅེས་འཛིན་གྱི་ལྟ་བ་ལ་རྨས་སྐྱོན་གཏོང་གི་ཡོད་པ་རེད། དེར་བརྟེན། ཁྱེད་ཀྱིས་རང་ཉིད་ཀྱི་འཚར་ལོངས་ཆེད་ཅི་ཡང་བྱས་མེད་དེ་དྲན་ཤེས་ཅན་ཞིག བརྩེ་སེམས་ཅན་ཞིག དགའ་སྤྲོ་ཅན་ཞིག གསར་སྐྲུན་ལ་དགའ་བ། ཞི་ཞིང་དུལ་བ་ཅན་ཞིག་བཅས་རང་ཉིད་ཀྱི་མཐའ་བསྐོར་ལ་མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་མེད། ཁྱེད་ཀྱིས་འཛམ་བུ་གླིང་འདིར་ལེགས་སྐྱེས་ཕུལ་མེད། ཁྱོད་ཀྱི་འཚོ་གནས་ནི་འདི་རུ་དངོས་གྲུབ་ཅིག་ཏུ་མ་གྱུར་བར་དམོད་མོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ཁྱེད་ཀྱིས་ཁྱེད་རང་ལ་ཁོང་ཁྲོ་དང་ཕྲག་དོག འགྲན་རྩོན་སློང་གི་ཡོད་ཅིང༌། དབང་ཆའི་ཆེད་ཆགས་སྲེད་སྐྱེས་འཇུག་གིན་ཡོད་པ་རེད། ཁྱེད་ཀྱིས་འཇིག་རྟེན་འདི་ནི་གཡུལ་ས་ཞིག་ཏུ་བཟོ་གིན་ཡོད། ཁྱེད་ནི་ཁྲག་རྔམ་ཅན་ཞིག་ཡིན། ཁྱེད་ཀྱིས་ད་དུང་མི་གཞན་ཁྲག་རྔམ་ཅན་དུ་བཟོ་གིན་ཡོད་པ་རེད། ཁྱེད་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་བརླག་འཇུག་གིན་ཡོད། ཁྱེད་ཀྱིས་མི་རྣམས་འགྲོ་བ་མིའི་རིགས་ཀྱི་ཚད་གཞི་དག་གི་འོག་ཏུ་ལྷུང་བར་རོགས་པ་བྱེད་ཀྱིན་འདུག ཐ་ན། ཁྱེད་ཀྱིས་མཚམས་རེར་མི་རྣམས་སྒོ་ཕྱུགས་སེམས་ཅན་དག་གི་འོག་ལ་ལྷུང་བར་རོགས་རམ་བྱེད་བཞིན་གདའ།

གོ་ཏམ་བུངྷ་དང་ཀ་རྦར། ཡང་ན་ཁྲུང་ཙི་བཅས་ཀྱིས་ཁྱེད་རང་ལ་རྨས་སྐྱོན་བཟོ་གིན་ཡོད་པ་རེད། གང་ཡིན་ཞེ་ན། ཁོང་རྣམས་མེ་ཏོག་བཞིན་བཞད་ཡོད་པའི་རྐྱེན་རེད། ཁྱེད་རང་ད་དུང་དེ་རུ་ལངས་བསྡད་ཡོད་པ་རེད། དུས་ཚིགས་ཀྱི་འཁོར་བསྐྱོད་ཁྲོད་དུ་དཔྱིད་དཔལ་བུ་མོ་ལོ་ནས་ལོ་རེར་བསླེབས་ཏེ་བཞུད་ཟིན་ཡང༌། ཁྱེད་ཀྱི་འཇིག་རྟེན་ན་མེ་ཏོག་ཅི་ཡང་བཞད་མེད། ཁྱེད་ཀྱི་མགོ་ཐོག་ཏུ་བྱེའུ་ཚང་བཟོ་བར་ཡོང་མཁན་གྱི་བྱ་བྱེའུ་ཅི་ཡང་བསླེབས་མེད། ཁྱེད་ཀྱི་མཐའ་བསྐོར་དུ་གསུང་སྙན་སྒྲོག་མཁན་སུ་གང་མེད། རྗེ་སའོ་སི་ལ་རྒྱང་ཤིང་བརྒྱབ་ནས་བསད་ཡོད་པ་ཡག་ཤོས་རེད། སོ་ཁུ་ར་ཏེ་ལ་དུག་བླུད་དེ་བཀྲོངས་པ་ཡག་ཤོས་རེད། ཁོང་ཚོ་མེད་པར་བཏང་བ་ཡིན་ན་ཆོས་ཕྱོགས་ནས་ཁྱེད་བློ་སྦྱོང་དམན་པའི་ཕངས་སེམས་སྐྱེས་དགོས་དོན་ཡོད་པ་མ་རེད། ཨེ་རེད།

འཛམ་བུ་གླིང་འདིར་ངོ་ལོག་ཉུང་ཤོས་ཤིག་མ་གཏོགས་གྲགས་ཡོད་པ་མ་རེད། ད་ནི་གྲགས་པའི་དུས་བསླེབས་འདུག གལ་ཏེ་འགྲོ་བ་མི་སྡེ་འདིས་ངོ་ལོག་པ་སྟེ་ནང་སེམས་ཀྱི་ངོ་ལོག་པ་མང་པོ་ཞིག་སྐྱེད་སྲིང་བྱེད་མ་ཐུབ་ན། དེའི་རྗེས། ང་ཚོ་སའི་གོ་ལ་འདིའི་སྒང་དུ་འཚོ་བར་ཚད་བཀག་ཐེབས་ངེས་པ་རེད། སྐབས་དེར། དུས་རབས་འདི་ནི་ང་ཚོའི་དུར་ཁྲོད་ཅིག་ཏུ་འགྱུར་སྲིད། ང་ཚོ་ཚད་བཀག་དེའི་ཐག་ཉེ་སར་བསླེབས་འདུག

ང་ཚོས་ངེས་པར་དུ་སོ་སོའི་ཤེས་པ་འགྱུར་བ་གཏོང་དགོས་ཀྱི་འདུག འཛམ་བུ་གླིང་འདིའི་ནང་སྒོམ་སྒྲུབ་ཀྱི་ནུས་ཤུགས་མང་པ་གསར་སྐྲུན་བྱེད་དགོས་ཀྱི་འདུག ང་ཚོས་ངེས་པར་དུ་མི་བུ་རྙིང་པ་དང་དེའི་སྐྱུག་བྲོ་བའི་རང་གཤིས། རུལ་དྲི་འཐུལ་བའི་འདུ་ཤེས་འཛིན་སྟངས། ལྐུགས་པའི་དབྱེ་འབྱེད་བསམ་བློ་དང་ད་དུང་དེའི་བླུན་རྟགས་ཅན་གྱི་རྨོངས་དད་དག་གཏོར་བཤིག་གཏོང་དགོས་ཤིང༌། མིག་རྒྱང་རིང་ཞིང་བཟང་སྤྱོད་ཀྱི་ཡོན་ཏན་གསར་བ་མང་པོ་ལྡན་པའི་མི་བུ་གསར་བ་ཞིག་བཞེངས་སྐྲུན་བྱེད་དགོས་ཀྱི་འདུག ཁོང་ནི་འདས་པ་དང་རྒྱུན་ཆད་པ་ཞིག་ཡིན་དགོས། དེ་ནི་ངོ་ལོག་གི་གོ་དོན་རེད།
གཤམ་གསལ་ཐ་སྙད་འདི་གསུམ་གྱི་དེའི་གོ་དོན་རྟོགས་པར་རོགས་པ་བྱེད་ཀྱི་ཡོད། 

བཅོས་བསྒྱུར་གྱི་དོན་ནི་བསྐྱར་བཅོས་རེད། རྙིང་པ་དེ་སྔོན་བཞིན་གནས་ཡོད། ཁྱེད་ཀྱིས་དེར་རྣམ་པ་གསར་བ་ཞིག དབྱིབས་གསར་བ་ཞིག ཁང་བརྩེགས་རྙིང་པ་ཞིག་ལ་བཟོ་བཅོས་གསར་བ་ཞིག་བྱས་པ་ལྟ་བུ་རེད། དེའི་གཞི་རྩའི་སྒྲོམ་གཞི་དེ་རང་འཇགས་སུ་གནས་ཡོད་པ་རེད། ཁྱེད་ཀྱིས་དེར་ཚོན་མདོག་རེ་བྱུགས། གཙང་མ་རེ་བཟོས། སྒེའུ་ཁུང་དང་སྒོ་གསར་བ་ཉུང་ཤས་ཤིག་བཟོ་གིན་ཡོད་པ་ལྟ་བུ་རེད།

གསར་བརྗེ་ནི་བཅོས་བསྒྱུར་དང་བསྡུར་ན་ཅུང་ཟད་གཏིང་ཟབ་ཏུ་འགྲོ་གིན་ཡོད། རྙིང་པ་རང་འཇགས་སུ་གནས་ཡོད། ཡིན་ཡང༌། དེར་འགྱུར་བ་མང་པོ་ཞིག་གཏོང་གི་ཡོད། ཐ་ན་དེའི་གཞི་རྩའི་སྒྲོམ་གཞི་ལའང་འགྱུར་བ་གཏོང་གི་ཡོད་དེ་དེའི་ཁ་དོག་ལ་འགྱུར་བ་གཏོང་བ་དང་དེར་སྒོ་དང་སྒེའུ་ཁུང་ཉུང་ཤས་ཤིག་བཟོས་པ་ཙམ་མ་ཡིན་པར་གཅིག་བྱས་ན་དེར་དགུང་སྔོན་དབྱིངས་ལ་ཟུག་པའི་ཐོག་བརྩེགས་འགའ་བཟོ་སྲིད་པ་རེད། ཡིན་ཡང༌། རྙིང་པ་དེར་གཏོར་བཤིག་བཏང་མེད། དེ་ནི་གསར་བ་དག་གི་རྒྱབ་ལོག་ན་སྐུང་ནས་བསྡད་ཡོད་པ་རེད། དོན་དངོས་སུ་དེ་ནི་གསར་བ་ཡི་རྨང་གཞི་གཙོ་བོ་རུ་ལྷག་ཡོད། གསར་བརྗེ་ནི་རྙིང་པའི་རྒྱུན་ཞིག་རེད།

ངོ་ལོག་ནི་རྒྱུན་ཆད་ཅིག་ཡིན། དེ་ནི་བཅོས་བསྒྱུར་མིན་ལ་གསར་བརྗེ་འང་མིན། དེ་ནི་ཁྱེད་རང་ཉིད་རྙིང་པ་ཡོད་ཚད་ལས་རྒྱུན་གཅོད་བྱེད་ཅིག་ཡིན། ཆོས་ལུགས་རྙིང་པ། ཆབ་སྲིད་ཀྱི་ལྟ་གྲུབ་རྙིང་པ། མི་བུ་རྙིང་པ། འདི་དག་ཡོད་ཚད་རྙིང་པ་རེད། དེ་ཡིས་ཁྱེད་རང་འདི་དག་དང་འབྲེལ་བ་གཅོད་ཀྱི་ཡོད། ཁྱེད་ཀྱིས་རང་གི་ཚེ་སྲོག་གསར་བ་ཞིག་གི་དབུ་འཁྱུད་འབྲི་གི་ཡོད། གལ་ཏེ་ང་ཚོས་འགྲོ་བ་མིའི་རིགས་འདི་གསོན་པའི་གྲ་སྒྲིག་ཡང་བསྐྱར་མ་བྱས་ན། འདས་ལོག་ཅིག མི་རྒན་འདས་པོ་ཞིག གཞོན་སྐྱེས་གསར་བ་ཞིག་་་་་་

ཕྱིར་དྲན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་གཅིག་ནི་གོ་ཏམ་བུངྷ་ཐོག་མར་ཡུམ་གྱི་མངལ་ལས་འཁྲུངས་པ་དང་ཁོང་གི་ཡུམ་འདས་པ་དེ་རེད། འདི་ནི་ལོ་རྒྱུས་ཤིག་ཡིན་སྲིད། ཁོང་རང་ཡུམ་གྱི་སྲིང་མོས་སྐྱེད་སྲིང་བྱས་པ་རེད། ཁོང་གིས་རང་གི་ཡུམ་གཏན་ནས་མཇལ་མྱོང་མེད་པ་རེད། ད་ལྟ་ནང་ཆོས་ནང་བུངྷ་ཞིག་ག་དུས་འཁྲུངས་བ་ཡིན་ན་ཁོང་གི་ཡུམ་འཕྲལ་དུ་འདས་འགྲོ་བ་འདི་སྲོལ་རྒྱུན་གྱི་ལྟ་ཚུལ་ཞིག་ཏུ་གྱུར་ཡོད། ངས་དེ་ནི་མཚོན་རྟགས་ཤིག་དང་གོ་བརྡ་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གིན་ཡོད། དེའི་དོན་ནི་ངོ་ལོག་པ་ཞིག་འཁྲུངས་ན་རྙིང་པ་ཞིག་འཆི་འགྲོ་བ་སྟོན་གྱི་ཡོད།

གསར་བརྗེ་བ་ཡིས་རྙིང་པ་འདིར་འགྱུར་བ་གཏོང་བར་འབད་བརྩོན་བྱེད་ཀྱི་ཡོད། ངོ་ལོག་པ་ནི་རྙིང་པ་ལས་རྦད་དེ་ཕྱིར་ཐོན་འགྲོ་གི་ཡོད། དེ་ནི་སྦྲུལ་ཞིག་རང་གི་ཤུན་པགས་རྙིང་པ་ལས་ཐོན་འགྲོ་བ་དང་ཏག་ཏག་གཅིག་མཚུངས་རེད། དེ་ཡིས་གཏན་ནས་ཕྱིར་བལྟ་བྱེད་ཀྱི་མ་རེད། གལ་ཏེ་ང་ཚོས་འཛམ་བུ་གླིང་འདིའི་ཕྱོགས་གང་སར་འདི་ལྟ་བུའི་ངོ་ལོག་ཅན་དག་གསར་བསྐྲུན་མ་བྱས་ན་མི་ལ་མ་འོངས་བར་རེ་བ་མི་འདུག

མི་བུ་རྒན་པ་དག་གིས་མི་འདི་ཁོང་གི་ཆེས་མཐའ་མཇུག་གི་འཆི་བའི་གནས་མལ་དུ་བསྐྱལ་འདུག བསམ་བློ་རྙིང་པ་དང་འདུ་ཤེས་འཛིན་སྟངས་རྙིང་པ། ཆོས་ལུགས་རྙིང་པ་བཅས་འདི་དག་ཐུན་མོང་གིས་ད་ལྟའི་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་འདི་བསྐྲུན་པ་རེད། མི་བུ་གསར་བ་འདི་གཅིག་པུས་འགྲོ་བ་མི་སྡེ་འདི་དང་ད་དུང་སའི་གོ་ལ་འདི འདིའི་མཛེས་སྡུག་ལྡན་པའི་འཚོ་བ་འདི་སྐྱོབ་ཐུབ།་

ངས་ངོ་ལོག་སློབ་ཁྲིད་བྱེད་ཀྱི་ཡོད་པ་ལས་གསར་བརྗེ་སློབ་ཀྱི་མེད། ངས་ངོ་ལོག་ནི་ཆོས་ལུགས་པའི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པར་བརྩི་གིན་ཡོད། དེ་ནི་ནང་སེམས་ཀྱི་ཡང་དག་པའི་ལྷད་མེད་དེ་ཡིན།

གསར་བརྗེ་ཡི་ལོ་ཟླ་དག་རྗོགས་པ་རེད། ཧཕ་རན་སིའི་གསར་བརྗེ་ཕམ་པ་རེད། རཱ་ཤི་ཡའི་གསར་བརྗེ་ཕམ་པ་རེད། རྒྱ་ནག་གི་གསར་བརྗེ་ཕམ་པ་རེད། ང་ཚོའི་་རྒྱ་གར་ནང་ལྟ་བུ་ལ་མཚོན་ནའང་གྷན་དྷིའི་དབུ་ཁྲིད་པའི་གསར་བརྗེ་ཕམ་ཉེས་བྱུང་བ་ང་ཚོའི་མིག་གིས་དངོས་སུ་མཐོང་བ་རེད། གྷན་དྷི་རྗི་ཡིས་དེ་སྔ་ཁོང་གི་མི་ཚེའི་ཧྲིལ་བོར་འཚེ་མེད་ཞི་བ་བསླབས་པ་རེད། ཁོང་གི་མིག་མདུན་ཏག་ཏག་ནས་རྒྱལ་ཁབ་འདི་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་བགོས་པ་རེད། མི་དམངས་ས་ཡ་མང་པོ་བསད་པ་རེད། བུད་མེད་ས་ཡ་མང་པོར་བཙན་གཡེམ་བཏང་ཡོད་པ་རེད། མཐར་གྷན་དྷི་་ཁོང་རང་ཉིད་ཀྱང་མི་གཞན་གྱིས་བསད་པ་རེད། འདི་ནི་འཚེ་མེད་ཞི་བའི་དྲང་སྲོང་ཞིག་གི་ཁྱད་མཚར་བའི་ལེའུ་མཐའ་མ་རེད།

གྷན་དྷི་ཁོང་རང་གིས་རང་ཉིད་ཀྱིས་ཅི་ཞིག་བསླབས་པ་བརྗེད་ཡོད་པ་རེད། ཁོང་གི་དབུ་ཁྲིད་པའི་གསར་བརྗེ་ལ་རྒྱལ་ཁ་མ་ཐོབ་སྔོན་དུ། ཨ་རིའི་བསམ་བློ་བ་ལོ་ཝེ་སུ་ ཧཕེ་སུ་ཆར་གྱིས་"རྒྱ་གར་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་སྐབས། སྐུ་ཉིད་ཀྱིས་དམག་དཔུང་དག་དང་མཚོན་ཆའི་རིགས་ཡོད་ཚད་ཀྱིས་ཅི་ཞིག་གནང་གི་ཡིན་"ཞེས་དྲིས་པ་རེད། གྷན་དྷིས་"ངས་མཚོན་ཆ་ཚང་མ་རྒྱ་མཚོ་ནང་ལ་གཡུག་ངེས་ཡིན་ལ། དཔུང་དམག་ཐམས་ཅད་ས་ཞིང་དང་ལྡུམ་རྭ་དག་ལ་ལས་ཀ་བྱེད་དུ་གཏོང་གི་ཡིན།"ཞེས་བརྗོད་པ་རེད། དེའི་རྗེས། ལོ་ཝེ་སུ་ ཧཕེ་སུ་ཆར་གྱིས་བརྗོད་དོན། "སྐུ་ཉིད་ཀྱིས་དྲན་པ་བརྗེད་པ་རེད་དམ། མི་སུ་རུང་ཞིག་གིས་ཁྱེད་ཀྱི་རྒྱལ་ཁབ་ལ་བཙན་འཛུལ་བྱེད་སྲིད་ཀྱི་རེད།"
གྷན་དྷིས་་"ང་ཚོས་ཁོང་ལ་དགའ་བསུ་ཞུ་ངེས་ཡིན། གལ་ཏེ་མི་ཞིག་གིས་ང་ཚོར་བཙན་འཛུལ་བྱས་པ་ཡིན་ན། ང་ཚོས་ཁོང་མགྲོན་པོ་ཞིག་གི་ནང་བཞིན་སྣེ་ལེན་བྱེད་ངེས་ཡིན་ལ། ཁོང་ལ་'ང་ཚོ་ཇི་ལྟར་འཚོ་བཞིན་ཡོད་པ་ལྟར་ཁྱེད་ཀྱང་འདི་རུ་གནས་ཆོག་གི་རེད། ང་ཚོས་ཕན་ཚུན་ལ་འཐབ་འཛིང་རྒྱག་དགོས་དོན་ཡོད་པ་མ་རེད'ཅེས་བརྗོད་ངེས་ཡིན་"ཞེས་ལན་འདི་ལྟར་བཏབ་པ་རེད།

ཡིན་ཡང༌། ཁོང་གིས་རང་ཉིད་ཀྱི་ལྟ་གྲུབ་ཡོངས་སུ་བརྗེད་སོང་བ་རེད། དེ་ནི་གསར་བརྗེ་ཕམ་ཉེས་ཇི་ལྟར་འབྱུང་གི་ཡོད་པ་དེ་རེད། གནད་དོན་དེ་ཚོའི་སྐོར་ལ་བརྗོད་ན་ཧ་ཅང་སྙན་པོ་ཡོད་པ་རེད། ཁོང་ཚོའི་ལག་ཏུ་དབང་ཆ་ཐོབ་ཚེ་་་་་་་་་་་

བདག་ཉིད་ཆེན་པོ་གྷན་དྷིས་དང་ཐོག་སྲིད་གཞུང་གི་གོ་གནས་གང་ཡང་དང་ལེན་བྱས་མེད་པ་རེད། དེ་ནི་ཁོང་རང་དེ་སྔ་ཞེད་སྣང་སྐྱེས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་ཁོང་གིས་ཇི་ལྟར་འཛམ་གླིང་ཧྲིལ་བོར་ལན་འདེབས་བྱེད་དགོས་པ་རེད། མཚོན་ཆ་ཡོད་ཚད་རྒྱ་མཚོ་ནང་ལ་གཡུག་གི་ཡིན་ཞེས་པར་གང་འདྲ་བྱས་ཏེ་ལན་འདེབས་དགོས་པ་རེད། དཔུང་དམག་ཚང་མ་ས་ཞིང་ནང་ལ་ལས་ཀར་བྱེད་དུ་གཏོང་གི་ཡིན་ཞེས་པར་གང་འདྲ་བྱས་ཏེ་ལན་བསྐྱོན་དགོས་པ་རེད།

འདི་དག་གིས་ཁོང་ལ་དཀའ་ངལ་ཤིན་ཏུ་ཆེན་པོ་ཞིག་བསྐྲུན་ངེས་པ་མཐོང་བ་དང་ཁོང་རང་གི་མི་ཚེའི་ཧྲིལ་བོར་འཐབ་རྩོད་བྱས་པའི་འགན་འཁྲི་དེ་ལས་བྲོས་བྱོལ་བྱས་པ་རེད། དེར་བརྟེན། ཁོང་རང་ཉིད་ཀྱི་ལྟ་གྲུབ་དང་རྒྱབ་འགལ་མི་བྱུང་ཀ་མེད་བྱུང་བ་རེད།
ཡིན་ཡང༌། ཁོང་གིས་རང་ཉིད་ཀྱི་རྗེས་འཇུག་པ་དག་སྲིད་གཞུང་ནང་ལ་བདམས་ཡོད་པ་རེད། ཁོས་ཁོང་ཚོ་ལ་དཔུང་དམག་དག་གློད་པར་སྐུལ་མ་བྱས་མེད་པ་རེད། དེ་ལས་ལྡོག་སྟེ་་་་་་་་་་་ པ་ཀི་སི་ཐན་གྱིས་རྒྱ་གར་ལ་བཙན་འཛུལ་བྱེད་སྐབས་ཁོང་གིས་རྒྱ་གར་སྲིད་གཞུང་ལ་ད་ནི་ས་མཚམས་ལ་སོང་སྟེ་བཙན་འཛུལ་བ་དག་མགྲོན་པོ་ཚུལ་དུ་དགའ་བསུ་ཞུ་ཞེས་གསུངས་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་ཁོང་གིས་པ་ཀི་སི་ཐན་ལ་འབར་རྫས་གཡུག་པར་འགྲོ་བའི་ཐེངས་དང་པོའི་གནམ་གྲུ་གསུམ་ལ་བྱིན་རླབས་གནང་བ་རེད་་་་་་་་་་་་ ཁོང་གི་བྱིན་རླབས་དང་ལྷན་དུ་་་་་་་་གནམ་གྲུ་དེ་གསུམ་ཁོང་བཞུགས་སའི་ལྡི་ལི་གསར་བའི་སྤྲོ་ཁང་མདུན་དུ་བབས་པ་རེད། ཁོང་ཕྱི་ལོག་གི་ལྡུམ་རྭར་ཕེབས་ཏེ་དེ་ཚོར་དངོས་གྲུབ་གནང་བ་རེད། ཁོང་གི་དངོས་གྲུབ་དག་དང་ཆབས་ཅིག་ཉིན་ཁ་ཤས་ཤིག་གི་སྔོན་ཏག་ཏག་ལ་རང་གི་སྤུན་ཟླ་ཡིན་པའི་པ་ཀི་སི་ཐན་མི་དམངས་རྨེག་མེད་བཟོ་བར་ཕྱིན་པ་རེད། ངོ་ཚ་མེད་པའི་ངང་ནས་འགལ་ཟླ་ཅི་ཡང་མ་མཐོང་བ་རེད་་་་་་་་་

རཱ་ཤི་ཡའི་གསར་བརྗེ་ལེ་ཉིན་ཁོང་གི་མིག་མདུན་ཏག་ཏག་ནས་ཕམ་ཉེས་བྱུང་བ་རེད། ཁོང་གིས་དེ་སྔ་ཀར་ལུ་ མ་ཁི་སིའི་དགོངས་པ་ལྟར་གསར་བརྗེ་ལ་རྒྱལ་ཁ་ཐོབ་སྐབས་ང་ཚོས་གཉེན་བསྒྲིགས་འདི་མེད་པར་གཏོང་ངེས། གང་ལེགས་ཞེ་ན། གཉེན་བསྒྲིགས་ནི་མི་སྒེར་གྱི་ཁེ་དབང་གྱི་ཆ་ཤས་ཤིག་རེད། སྒེར་གྱི་རྒྱུ་ནོར་མེད་པར་གྱུར་བ་དང་གཉེན་བསྒྲིགས་འདིའང་མེད་པར་འགྱུར་ངེས་རེད། མི་དམངས་ཚོས་ནང་ཁུལ་དགའ་རོགས་བསྒྲིགས་ཆོག་པ་མ་ཟད་མཉམ་དུ་འཚོ་བ་འང་བསྐྱལ་ཆོག བྱིས་པ་དག་སྤྱི་ཚོགས་ཀྱིས་བདག་སྐྱོང་བྱེད་ངེས་རེད་མི་དམངས་ཚོར་ཆོས་བཤད་གནང་བ་རེད།

ཡིན་ཡང༌། གསར་བརྗེ་ལ་རྒྱལ་ཁ་ཐོབ་པ་དང་ཁོང་གིས་དཀའ་ངལ་ཧ་ཅང་མང་པོ་ཞིག་ཡོད་པ་མཐོང་བ་རེད། གཉེན་བསྒྲིགས་མེད་པར་བཏང་ན་་་་་་་་་་ བྱིས་པ་དེ་ཚོར་སུ་ཞིག་གིས་འགན་ལེན་གྱི་རེད། ཁོང་གིས་ཐེངས་དང་པོར་སྤྱི་ཚོགས་དེ་ཁྱིམ་ཚང་ལ་བརྟེན་ཡོད་པ་མཐོང་བ་རེད། ཁྱིམ་ཚང་ནི་གཞི་རྩའི་སྡེ་ཚན་ཞིག་རེད། ཁྱིམ་ཚང་མེད་ན་ཁྱོད་ཀྱི་སྤྱི་ཚོགས་མེད་པར་འགྱུར་ངེས་རེད་་་་་་་་་་་ འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ཞིག་གསར་བསྐྲུན་བྱེད་རྒྱུ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཡིན་ངེས་རེད། ཅིའི་ཕྱིར་ཞེ་ན། གལ་ཏེ་ཁོང་ཚོར་ཁྱིམ་ཚང་གི་འགན་འཁྲི་དག་མེད་པ་ཡིན་ན། མི་དམངས་རྣམས་ར་ལང་ཆག་ལང་དུ་འགྱུར་ངེས་རེད།

ཁྱེད་ཀྱིས་གཏན་ཚིག་འདིར་ལྟོས་དང༌། གལ་ཏེ་མི་རྣམས་ལ་རང་རང་གི་ཆུང་མ་དང་ཕ་མ་རྒན་རྒོན་གཉིས། གཞན་བུ་ཕྲུག་དག་གི་འགན་འཁྲི་དག་ཡོད་ན་ཁོང་ཚོ་ངོ་ལོག་པ་བྱེད་ཐུབ་ངེས་མ་རེད། ཁོང་ཚོར་འགན་འཁུར་མང་པོ་ཡོད་ཙང༌། སྲིད་གཞུང་ལ་ངོ་རྒོལ་བྱེད་ཐུབ་ཀྱི་མ་རེད། ཡིན་ཡང༌། གལ་ཏེ་མི་རྣམས་ལ་འགན་འཁུར་དག་མེད་ན། གལ་ཏེ་སྲིད་གཞུང་གིས་གསར་བརྗེ་མ་ཐོབ་སྔོན་ནས་མི་རྒན་པ་ཚོར་བདག་སྐྱོང་གི་ཁས་ལེན་བྱས་པ་བཞིན་བདག་པོ་བརྒྱབ་པ་ཡིན་ན། གལ་ཏེ་བྱིས་པ་ཚོ་སྲིད་གཞུང་གིས་གཅེས་སྐྱོང་གནང་པ་ཡིན་ན་་་་་་་་

གལ་ཏེ་མི་རྣམས་ཕན་ཚུན་ལ་ཇི་ཙམ་དགའ་བའི་རིང་དེ་ཙམ་གྱིས་མཉམ་དུ་བསྡད་པ་ཡིན་ན། ཁོང་ཚོར་གཉེན་བསྒྲིགས་ཀྱི་ཆོག་མཆན་དགོས་ཀྱི་མ་རེད་ལ། བཟའ་ཚང་ཁ་བྲལ་དུ་འགྲོ་དོན་ཡོད་པ་མ་རེད། དེ་ནི་ཁོང་ཚོ་མི་སྒེར་གྱི་དོན་དག་རེད། སྲིད་གཞུང་ལ་ཇུས་གཏོགས་ཀྱི་དབང་ཆ་ཡོད་པ་མ་རེད།

དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ལེ་ཉིན་གྱི་ལག་ཏུ་དབང་ཆ་ཐོབ་པ་དང་ཡོད་ཚད་ལ་འགྱུར་བ་ཐེབས་པ་རེད། དབང་ཆ་ཁོང་ཚོའི་ལག་ཏུ་ཡོང་བ་དང་མི་དམངས་ཀྱིས་བསམ་བློ་འདྲ་མིན་གཏོང་བའི་འགོ་ཚུགས་ཀྱི་ཡོད། བསམ་བློ་གཏོང་སྟངས་དེ་ཡིས་མི་དམངས་རྣམས་འགན་འཁྲི་མེད་པར་རང་སྣང་གང་ཤར་བྱེད་འཇུག་གི་ཡོད། འདི་ནི་ཉེན་ཁ་ཤིན་ཏུ་ཆེ་བར་འགྱུར་ངེས་ཏེ་ཁོང་ཚོ་ཧ་ཅང་རང་དོན་རང་ལུགས་ཅན་ལ་འགྱུར་གྱིན་ཡོད། དེར་བརྟེན། ཁོང་ཚོར་ཁྱིམ་ཚང་གི་རྡོག་ཁྲེས་འཁུར་དུ་འཇུག་དགོས།
ཕ་མ་རྒན་རྒོན་གཉིས་དང་ཆུང་མ་ནད་པ་ཞིག བྱིས་པ་མང་པོ་ཞིག་དང་དེ་དག་གི་སློབ་གསོ་བཅས་ཀྱི་སྟབས་ཀྱིས་ཁོང་ཚོ་བྲན་གཡོག་ཏུ་ལྷག་གི་རེད། དེར་བརྟེན། རྣམ་པ་ཀུན་ཏུ་ཁོང་ཚོར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དུས་ཚོད་མེད་པའམ་ཡང་ན་ངོ་རྒོལ་གྱི་སྙིང་སྟོབས་སྐྱེས་ནི་མ་རེད། སྤྱི་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་མི་རྣམས་མི་མཐུད་བྲན་གཡོག་ཏུ་འཇུག་པར་བྱེད་པའི་གཡོ་ཐབས་ཆེ་ཤོས་དག་ནང་གི་གཅིག་ནི་ཁྱིམ་ཚང་ཡིན། ལེ་ཉིན་གྱིས་ཁྱིམ་ཚང་དག་མེད་པར་བཟོ་རྒྱུ་ཡོངས་སུ་བརྗེད་ཚར་བ་རེད་་་་་་་་་་

གསར་བརྗེ་དག་གང་འདྲ་བྱས་ཏེ་ཕམ་པར་གྱུར་བ་ནི་ཧ་ཅང་ཁྱད་མཚར་བ་ཞིག་རེད། ཁོང་ཚོ་གསར་བརྗེ་བ་ཁོ་རང་ཚོའི་ལག་ཏུ་ཕམ་པ་རེད། རྒྱུ་མཚན་ནི་ལག་ཏུ་དབང་ཆ་ཐོབ་པ་དང་ཁོང་ཚོས་རྣམ་པ་འདྲ་མིན་གྱི་ལམ་ནས་བསམ་བློ་གཏོང་འགོ་ཚུགས་པ་རེད། དེའི་རྗེས། ཁོང་ཚོ་དབང་ཆ་ལ་ཆགས་སེམས་ཧ་ཅང་ཆེ་བར་གྱུར་ཡོད། ཁོང་ཚོས་མུ་མཐུད་དུ་དབང་ཆ་འཛིན་ཐབས་དང་མི་རྣམས་བྲན་གཡོག་ཏུ་ཇི་ལྟར་འཇུག་དགོས་པའི་ཐད་ལ་འབད་བརྩོན་ཉག་གཅིག་བྱེད་ཀྱི་ཡོད།

མ་འོངས་བ་ལ་གསར་བརྗེ་དག་དགོས་ཀྱི་མི་འདུག

མ་འོངས་བར་ཚོད་ལྟའམ་བརྟག་དཔྱད་གསར་བ་ཞིག་བྱེད་དགོས་ཀྱི་ཡོད། དེ་ད་དུང་ཚོད་བལྟ་བྱས་མེད། ཅིའི་ཕྱིར་ཞེ་ན། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་ངོ་ལོག་པ་བྱུང་ཡོད་ཀྱང་ཁོང་རང་ཚོ་མི་བུ་སྒེར་བ་རུ་ལྷག་པ་རེད། ཁོང་ཚོར་ཕལ་ཆེར་དེ་སྔ་དུས་ཚོས་ཀྱི་ཆ་ནས་མ་སླེབས་པ་ཡིན་གྱི་རེད། ཡིན་ཡང༌། ད་ནི་དུས་ལ་སླེབས་ཡོད་པ་ཙམ་མ་ཟད་་་་་་་་
གལ་ཏེ་ཁྱེད་མགྱོགས་པོ་མ་བྱས་ན། དུས་ནི་ཆེས་མཐའ་མཇུག་ཏུ་སླེབས་ཡོད།
དུས་རབས་འདིའི་དུས་མཇུག་ལ་ཡང་མིན་ན་མི་བུ་དེ་མེད་པར་ཆགས་ཀྱི་རེད། དེ་མིན་ན་འཆར་རྟོགས་གསར་བ་ཅན་གྱི་མི་བུ་གསར་བ་ཞིག་འཛམ་བུ་གླིང་འདིའི་ནང་སྐྱེས་ཀྱི་རེད།

ཁོང་ནི་ངོ་ལོག་པ་ཞིག་ཡིན་ངེས།


No comments:

Post a Comment