Sunday, March 18, 2012


མི་ཆོས་རིང་ལུགས་ཀྱི་བསམ་བློ་བ་གྲགས་ཅན་རུའུ་སེལ་གླེང་བ།

ཞིབ་འཇུག་གནང་མཁན། མཁས་དབང་རྗ་ཝཱ་རཱ། མང་རའི་གངས་ཐིགས་ཀྱིས་དབྱིན་ཡིག་ནས་བསྒྱུར།

དངོས་ཡོད་རིང་ལུགས་ཀྱི་མི་ཆོས་རིང་ལུགས་ལྟ་བ་འཛིན་མཁན་གཅིག་ནི་རུའུ་སེལ་མཆོག་ཡིན། ཁོང་ནི་མ་ཁེ་སིའི་དམར་ཕྱོགས་རིང་ལུགས་པ་ཞིག་མིན་ནའང༌། བཤུ་གཞོག་དང་གཉའ་གནོན་འོག་གི་མི་སེར་ཚོ་སོ་སོའི་སྤྱི་ཚོགས་ཀྱི་ཆ་རྐྱེན་དག་གི་དར་སྤེལ་ཆེད་དུ་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པར་ནན་བརྗོད་བྱེད་མཁན་ཞིག་ཡིན། ཁོང་གི་དགོངས་གཞི་ལྟར་ན་དགའ་སྤྲོ་དང་བདེ་སྐྱིད་དག་སྤྱི་ཚོགས་ཀྱི་ཆ་རྐྱེན་དེ་དག་ལ་བརྟེན་ཡོད་པར་འདོད། དངོས་ཁམས་ཀྱི་འཇིག་རྟེན་ཐད་་ནས་བསམས་ན། མི་རྣམས་ཀྱིས་དངོས་ཁམས་འཇིག་རྟེན་འདིའི་བརྗིད་ཆགས་པའི་སྒྲོམ་གཞི་འདི་རྟོགས་དགོས་ཀྱི་ཡོད་ཅིང༌། དེ་ཡི་མེད་དུ་མི་རུང་བའི་སྒྲིག་བཀོད་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བསམ་གཞིག་ནན་ཏན་བྱས་ཏེ་སོ་སོའི་སེམས་ཚོར་དྲག་པོ་དེར་གཙང་ཕྱག་བྱེད་དགོས་ཀྱི་ཡོད། འདི་དང་ཆབས་ཅིག་དངོས་ཁམས་ཀྱི་འཇིག་རྟེན་འདིའི་འགོག་ཐབས་བྲལ་བའི་ནུས་ཤུགས་ཀྱིས་ཁོང་ཚོས་འགྲོ་བ་མིའི་གཤིས་སྤྱོད་བཟང་པོ་དག་ལ་བཅིངས་པའི་ལྷག་བསམ་ཟོལ་མེད་ལ་གས་ཆག་གཏན་ནས་གཏོང་དུ་འཇུག་མི་རུང༌། དེ་ལྟར་བགྱིས་ན་ཆེ་ཚད་མཐོ་བའི་གཤིས་སྤྱོད་འདི་དག་དངོས་ཁམས་འཇིག་རྟེན་འདིའི་རང་ནས་འཐོབ་ཐུབ་ཀྱི་ཡོད།

རུའུ་སེལ་གྱིས་འཛམ་བུ་གླིང་འདིའི་ནང་གི་མི་བུའི་གོ་གནས་དང་རང་བཞིན་བཟང་པོ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད།་ ཁོང་གིས་ཧིན་རྡུའི་ཆོས་ལུགས་དང་དབྱི་སི་ལན་ཆོས་ལུགས། ཡི་ཤུའི་ཆོས་ལུགས་ཡོད་པའི་འཇིག་རྟེན་འདིའི་ནང་མི་བུའི་གོ་གནས་ལ་འགྲེལ་བཤད་དྲང་པོ་ཞིག་བརྙེད་ཀྱི་མེད། རྒྱུ་མཚན་ནི་ཁོང་ལ་མཚོན་ན་ཆོས་ལུགས་འདི་དག་ནི་"བདེན་པ་མིན་པ་དང་གནོད་འཚེ་ཆེ་བ"་ཡིན་པའི་རྐྱེན་ཡིན། གནས་ལུགས་དང་ཡིད་ཆེས་ཀྱི་ངེས་བ་བརྙེད་པའི་ཐོག་ནས་མི་སུ་ཡང་ཆོས་དད་ཅན་མིན། མི་ཞིག་གིས་ཁས་ལེན་པའི་ཆོས་ལུགས་ནི་ཁོང་སྡོད་སའི་སྤྱི་ཚོགས་དེ་ཡི་ཆོས་ལུགས་ཡིན། ཁོར་ཡུག་གི་ཤུགས་རྐྱེན་གྱིས་མི་ཞིག་ལ་ཆོས་ལུགས་བྱེ་བྲག་པ་ཞིག་ཁས་ལེན་དུ་འཇུག་གིན་ཡོད། "ངས་ཆོས་ལུགས་དག་ནི་མི་བདེན་པ་དང་གནོད་འཚེ་ཅན་ཡིན་པ་ངེས་པ་རྙེད་པའི་ཐོག་ནས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། མི་བདེན་པའི་རྒྱུ་མཚན་ནི་ཆོས་ལུགས་དག་ལ་ཚན་རིག་གི་གཞི་རྟེན་མེད་པས་ཡིན་ལ། གནོད་འཚེ་ཅན་ཡིན་པའི་རྒྱུ་མཚན་ནི་གདུག་རྩུབ་དང་ནག་ཉེས་དག་སྐྱབས་བཅོལ་ཡུལ་ཆོས་ལུགས་འདིའི་མིང་ཐོག་ནས་བསགས་ཡོད་པས་ཡིན།

"ཁྱེད་ཀྱིས་ཤེས་འདོད་ཆེ་བའི་བདེན་པ་འདི་རྙེད་ཀྱི་རེད། ཆོས་ལུགས་འདི་ཅི་ཙམ་གྱིས་ཚད་མཐོ་ཤོས་སུ་སླེབས་ན། ལུང་འཛིན་རིང་ལུགས་ཀྱི་དད་པ་དེ་དེ་ལྟར་གཏིང་ཇེ་ཟབ་ཏུ་འགྲོ་ཡི་རེད། ཆོས་ལུགས་ཀྱི་གདུག་རྩུབ་དེ་ཇི་ལྟར་ཤུགས་ཆེ་རུ་སོང་ན། རྒྱལ་ཁབ་ཀྱི་བྱ་གཞག་དག་དེ་ལྟར་གྱི་ཇེ་སྡུག་ཏུ་འགྲོ་ཡི་རེད།་་་་་་་་་་་་་་་བསོད་སྐལ་དམན་པའི་བུད་མེད་མང་པོ་དེ་སྔ་གདོན་འདྲེ་ཡི་མིང་ཐོག་ནས་མེ་བསྲེགས་ལ་བཏང་ཡོད་པ་རེད་ལ། ཆོས་ལུགས་ཀྱི་མིང་ཐོག་ནས་མི་འདྲ་མིན་ཡོད་ཚད་ཀྱི་སྒང་ལ་གདུག་རྩུབ་སྣ་ཚོགས་བཀོལ་ཡོད་པ་རེད།"

འགྲོ་བ་མིའི་ཚོར་བའི་ནང་ཡར་རྒྱས་ཅུང་ཙམ་རེ་སོང་བ་ཡིན་ན། ནག་ཉེས་ཀྱི་རྩ་ཁྲིམས་ནང་གོང་འཕེལ་ཏོག་ཙམ་རེ་བྱུང་བ་ཡིན་ན། དམག་འཁྲུག་ཉུང་འཕྲིའི་ཕྱོགས་སུ་གོམ་པ་རེ་སྤོས་བ་ཡིན་ན། རིགས་རུས་དབྱེ་འབྱེད་ཀྱི་ལྟ་སྟངས་སམ་བྲན་གཡོག་གི་ལྟ་སྟངས་ཇེ་བཟང་དུ་སོང་བ་ཡིན་ན། འཛམ་བུ་གླིང་འདིའི་ནང་ཀུན་སྤྱོད་ཀྱི་ཡར་རྒྱས་ཅུང་ཙམ་རེ་འགྲོ་སྐབས། སྒྲིག་འཛུགས་ཅན་གྱི་ཆོས་ལུགས་དག་གིས་སྔ་ཕྱི་འགལ་བ་མེད་པའི་སྒོ་ནས་ངོ་རྒོལ་བྱེད་བཞིན་ཡོད།
"ངས་དུས་རྒྱུན་ཆེད་མངགས་ཀྱིས་ཆོས་ཚོགས་ཀྱི་སྒྲིག་འཛུགས་འོག་གི་ཡི་ཤུའི་ཆོས་ལུགས་ནི་འཛམ་བུ་གླིང་འདིའི་ནང་གི་ཀུན་སྤྱོད་ཡར་རྒྱས་ཀྱི་དགྲ་བོ་གཙོ་བོ་རུ་གྱུར་དང་འགྱུར་བཞིན་ཡོད་ཅེས་བརྗོད་ཀྱི་ཡོད།"

"ཆོས་ལུགས་ལ་རྗེས་དཔག་རིང་ལུགས་ཀྱི་རྨང་གཞི་མི་འདུག ཚན་རིག་གི་གཞི་རྟེན་མི་འདུག དེ་ནི་གཙོ་བོ་འཇིགས་སྣང་ལ་གཞི་བཅོལ་ཡོད་པ་རེད། འཇིགས་སྣང་ནི་གནད་དོན་ཧྲིལ་བོའི་གཞི་རྩ་ཡིན་ཏེ་གསང་བ་ལྐོག་གྱུར་གྱི་འཇིགས་སྣང༌། འཆི་བའི་འཇིགས་སྣང༌། ཕམ་ཁའི་འཇིགས་སྣང་བཅས་ཡོད། འཇིགས་སྣང་ནི་གདུག་རྩུབ་ཀྱི་འབྱུང་ཁུངས་ཡིན། དེར་བརྟེན། ཆོས་ལུགས་དང་གདུག་རྩུབ་གཉིས་མཉམ་དུ་གནས་ཡོད་པར་ཧང་སངས་དགོས་དོན་མི་འདུག"

ད་ལྟ་མི་རྣམས་ཀྱིས་བྱ་དངོས་དག་འཇིགས་སྣང་ཆུང་ཞིང་ཚན་རིག་གི་ལྟ་ཚུལ་ཅུང་མང་བའི་ཐབས་ལམ་ཞིག་གི་སྒང་ནས་རྟོགས་འགོ་འཛུགས་ཀྱི་ཡོད། གལ་ཏེ་མི་རྣམས་ལ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་དགོས་ན་ཁོང་ཚོའི་བློ་ངོར་གྱི་འཇིགས་སྣང་དེ་ངེས་པར་དུ་མེད་པར་གཏོང་དགོས།
"ང་ཚོས་འཇིག་རྟེན་འདིའི་ཆེད་དུ་སོ་སོས་ག་རེ་འཇོན་པ་དེ་སྒྲུབ་དགོས་ཀྱི་ཡོད། གལ་ཏེ་དེ་ནི་ང་ཚོའི་རེ་བ་ནང་བཞིན་གྱི་དེ་འདྲ་ཡག་པོ་ཞིག་མིན་ནའང༌། དེ་ནི་དུས་རབས་མང་པོའི་རིང་མི་རྣམས་ཀྱིས་འཛུགས་སྐྲུན་བྱས་པ་དེ་ལས་བཟང་གི་རེད།་ འཇིག་རྟེན་ལེགས་པོ་ཞིག་ལ་ཤེས་ཡོན་དང་ཕན་སེམས། སྙིང་སྟོབས་བཅས་དགོས་ཀྱི་ཡོད། དེར་འདས་ཟིན་པའི་ལོ་ཟླ་དག་ལ་འགྱོད་པ་སྐྱེས་མཁན་དགོས་ཀྱི་མེད། ཡང་ན། སྔོན་ཆད་ཀྱི་བླུན་རྨོངས་ཅན་དག་གི་གསུང་སྒྲོས་ལ་བརྟེན་ཏེ་རང་དབང་གི་ཤེས་རབ་ལ་བཀག་སྡོམ་བྱེད་མཁན་དག་དགོས་ཀྱི་མེད། དེར་འཇིགས་སྣང་མེད་པའི་མཐོང་རྒྱ་ཞིག རང་དབང་གི་ཤེས་རབ་ཅིག་དགོས་ཀྱི་ཡོད། དེར་དགོས་པ་ནི་མ་འོངས་བ་ལ་ཡིད་ཆེས་ཡོད་མཁན་དག་ཡིན་པ་ལས་་དུས་རྒྱུན་འདས་ཟིན་པའི་ལོ་ཟླ་ལ་ཕྱིར་བལྟ་བྱེད་མཁན་དག་མིན། ང་ཚོས་འདས་པའི་ལོ་ཟླ་ནི་མ་འོངས་བ་ལས་མཚར་སྡུག་ལྡན་པ་ཞིག་ཏུ་མཐོང་གི་ཡོད། དོན་དངོས་སུ་ང་ཚོས་རང་གི་ཤེས་རབ་ལ་བརྟེན་ཏེ་མ་འོངས་བ་འདས་པ་ལས་ཇེ་བཟང་དུ་གསར་སྐྲུན་བྱེད་ཐུབ་ཀྱི་ཡོད།

རུའུ་སེལ་གྱིས་དངོས་གཙོའི་རིང་ལུགས་ཀྱི་རིགས་རྙིང་པ་ལ་མོས་མཐུན་བྱེད་ཀྱི་མེད།
"འགྲོ་བ་མིའི་ལུས་པོའི་འགུལ་སྐྱོད་དག་འདུ་ཤེས་མེད་པ་ལྟར་ཐག་གཅོད་བྱེད་ཀྱི་འདུག དེར་བརྟེན་ནས་ང་ཚོས་ཅི་ཞིག་བརྗོད་པ་དང་གོ་གནས་ཀྱི་འགྱུར་བ་ལ་ཤུགས་རྐྱེན་ཅི་ཙམ་ཞིག་བཏང་རུང༌། ཡོད་ཚད་རང་མོས་ཐག་གཅོད་ཀྱི་ཁྱབ་ཁོངས་ཀྱི་ཕྱི་ལོགས་ལ་འབབ་ཀྱི་ཡོད།འདི་ནི་བདེན་པ་ཡིན་པའི་ཆ་བཞག་ན། དེའི་རྗེས། སུ་ཞིག་གིས་ཀྱང་ལྐོག་གསོད་དང་ལོག་གཡེམ། འབྲི་རྩོམ་གང་ལའང་འགན་ལེན་གྱི་མ་རེད། གང་ལེགས་ཤེ་ན། འདི་ཚོ་ཡོད་ཚད་ཕྱི་ངོས་སམ་འཕྲུལ་ཆས་ལྟ་བུའི་རྒྱུ་རྐྱེན་འོག་ནས་བྱུང་བ་རེད། དེ་རུ་ཟང་ཟིང་ལང་ལོང་དང་འགན་ལེན་མེད་པའི་བྱ་སྤྱོད་ཡོད་པ་རེད། དེར་བརྟེན། འབྲེལ་ལམ་ཡག་པོ་ཡོད་པ་མ་རེད། ཡིན་ཡང༌། འདི་ནི་ངོ་མ་མ་རེད། མི་བུ་ཁོང་རང་སྟེང་གི་ནུས་པའི་སྟེང་ནས་བརྗོད་ན་ཁོང་ནི་རང་དབང་རེད། རུའུ་སེལ་གྱིས་འཕྲུལ་ཆས་ལྟ་བུའི་ཐག་གཅོད་རིང་ལུགས་ལ་ཁས་ལེན་མི་བྱེད་པར་མི་བུས་རང་ཉིད་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་ཀུན་སྤྱོད་བཟང་པོ་ལ་བརྟེན་ནས་ལས་དོན་འདྲ་མིན་སྒྲུབ་ཐུབ་པར་འདོད་ཀྱི་ཡོད།
དངོས་གཙོའི་རིང་ལུགས་ཀྱི་མི་བུའི་རང་དབང་ཐད་ཀྱི་དགག་གཞག་གི་ལྟ་ཚུལ་ནི་ཆོས་ལུགས་ནང་བཞིན་གྱི་ཤུགས་ཆེན་པོ་དེ་འདྲ་མིན། ཆོས་ལུགས་ནི་མི་བུའི་རང་དབང་གི་གསར་སྐྲུན་གྱི་ལམ་ཁའི་སྟེང་གི་འགག་རྡོ་་ཆེས་ཆེ་ཤོས་དེ་ཡིན།

"ཆོས་ལུགས་ཀྱིས་ང་ཚོའི་བྱིས་པ་ཚོར་རྟོག་དཔྱོད་ཀྱི་ཤེས་ཡོན་ཞིག་འཐོབ་པར་སྔོན་འགོག་བྱེད་ཀྱི་ཡོད། ཆོས་ལུགས་ཀྱིས་ང་ཚོས་དམག་འཁྲུག་གི་འབྱུང་རྐྱེན་གཙོ་བོ་དག་མེད་པར་བཟོ་བར་སྔོན་འགོག་བྱེད་ཀྱི་ཡོད། ཆོས་ལུགས་ཀྱིས་ང་ཚོས་འཇིགས་སུ་རུང་བའི་སྡིག་ཉེས་གཞུང་ལུགས་ཀྱི་ཚབ་ལ་ཀུན་སྤྱོད་རིང་ལུགས་ཀྱི་ཚན་རིག་ཁྲིད་པར་སྔོན་འགོག་བྱེད་ཀྱི་ཡོད། འགྲོ་བ་མིའི་རིགས་འདི་ད་ལྟ་གསེར་འོད་འཕྲོ་བའི་ལོ་ཟླ་ཞིག་གི་སྒོ་ཐེམ་སྟེང་ཡོད་སྲིད་པ་རེད། ཡིན་ཡང༌། དེ་འདྲ་ཡིན་ན་ང་ཚོས་ཐོག་དང་པོར་སྒོ་ཆེན་སྲུང་མཁན་གྱི་གཡུ་འབྲུག་དེ་ལྐོག་གསོད་བྱེད་དགོས། གཡུ་འབྲུག་དེ་ནི་ཆོས་ལུགས་རེད།
རུའུ་སེལ་གྱིས་འཇིག་རྟེན་འདིར་འབྱུང་བ་གཉིས་ཡོད་པར་འདོད་དེ་རང་བྱུང་ཁམས་ཀྱི་འབྱུང་བ་དང་རིན་ཐང་གི་འབྱུང་བ་གཉིས་སོ།། རང་བྱུང་ཁམས་ཀྱི་འཇིག་རྟེན་ནང་ལ་བཟང་ངན་དང་འགྲིག་ནོར་གྱི་འབྲེལ་བ་མེད་པར་བཞེད། མི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ་དྭོགས་པ་བྱེད་མི་དགོས་པ་རེད་ལ། རང་བྱུང་ཁམས་ཀྱིས་དངོས་ཁམས་ཕྱི་རོལ་གྱི་ལམ་ལུགས་ལྟར་ཁོང་གི་འདོད་པ་དང་རེ་སྨོན། ཞེད་སྣང་བཅས་བསྐྱེད་པ་རེད། ལྟ་སྟངས་འདིའི་གཅིག་པུའི་སྒང་ནས་བརྗོད་ན། མི་ནི་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ་དང༌། རང་བྱུང་ཁམས་ལས་དམའ་རིམ་ཡིན་པ་བསྟན་ཡོད། མི་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་ཐོན་རྫས་ཡིན། མཐར་ཐུག་དེ་དག་གི་གནོད་འཚེ་ཕོག་ཡུལ་ཡིན། རང་བྱུང་ཁམས་འདི་ཡག་པོ་མིན་ལ་ངན་པའང་མིན། མི་རྣམས་སྐྱིད་པོ་ཡོང་དང་མི་ཡོང་ལ་སེམས་ཁྲལ་གནང་གི་མེད། རང་བྱུང་ཁམས་ནི་སྤྲོ་སྣང་མེད་པ་ཞིག་ཡིན། མི་བུའི་འགལ་རྐྱེན་དང་ལམ་འགྲོ་གླེང་སྐབས་དེ་ནི་བར་གནས་ཤིག་ཡིན། དེར་འགྲོ་བ་མིའི་ལས་དབང་ལ་སྒྲུབ་རྒྱུ་ཅི་ཡང་མེད།
རིན་ཐང་གི་འབྱུང་བ་ནང་དུ་མི་བུ་ཡིས་གོ་གནས་མ་འདྲ་བ་ཞིག་བཟུང་གི་ཡོད། གོ་གནས་དེ་ནི་ཆེས་མཐོ་ཤོས་ཡིན། རང་བྱུང་ཁམས་ནི་མི་བུའི་འཆར་སྣང་གི་ཆ་ཤས་ཙམ་ཞིག་ཡིན། མི་རྣམས་ཀྱིས་བྱ་དངོས་དག་ཚོད་རྩིས་ལེན་པ་དེ་འགྲིག་དང་ནོར་སྟོན་བྱེད་ཀྱི་ཚད་གཞི་ཞིག་ཕྱི་ལོག་ན་ཡོད་པ་མ་རེད། མི་བུ་ནི་རིན་ཐང་དག་ཆེས་མཐའ་མའི་ཐག་གཅོད་གནང་མཁན་དེ་ཡིན། གོ་དོན་འདིའི་སྒང་ནས་བརྗོད་ན། མི་ནི་རང་བྱུང་ཁམས་ལས་རླབས་ཆེ་བ་ཡོད། རིན་ཐ གི་འཇིག་རྟེན་ནང་རང་བྱུང་ཁམས་རང་ཉིད་ནི་བར་གནས་ཤིག་ཡིན། དེ་ནི་ཡག་པོ་མིན་ལ་སྡུག་ཆགས་ཀྱང་མིན། དེར་བསྟོད་བསྔགས་བྱེད་མི་དགོས་ལ་སྐྱོན་འདོགས་ཀྱང་གནང་མི་དགོས། འདི་ལྟར་མི་བུ་ཡིས་རིན་ཐང་དག་གསར་སྐྲུན་བྱེད་ཀྱི་ཡོད། ཁོང་གི་འདོད་པ་དག་གིས་ཁོང་ཚོའི་ཚད་གཞི་ཐག་གཅོད་ཀྱི་ཡོད། རིན་ཐང་གི་ཁྱབ་ཁོངས་ནང་དུ་མི་ནི་བྱམས་སེམས་ཅན་ཞིག་ཡིན་ཞིང༌། རང་བྱུང་ཁམས་ནི་རྒྱལ་ཁམས་དེའི་ཆ་ཤས་ཙམ་ཡིན།
"ཁྱབ་ཁོངས་འདིའི་ནང་དུ་ང་ཚོ་ནི་རྒྱལ་པོ་ཡིན། གལ་ཏེ་ང་ཚོས་རང་བྱུང་ཁམས་ལ་མགོ་སྒུར་བ་ཡིན་ན་ང་ཚོས་རང་གི་རྒྱལ་པོའི་གོ་གནས་ལ་དམའ་འབེབས་བྱས་པ་རེད། དེར་བརྟེན། མི་ཚེ་བཟང་ངན་ཐག་གཅོད་མཁན་ནི་ང་ཚོ་ཡིན་པ་ལས་རང་བྱུང་ཁམས་མིན་ལ། རང་བྱུང་ཁམས་ཀྱི་ངོ་བོར་བྱོན་པའི་དཀོན་མཆོག་ནི་དེ་བས་ཀྱང་མིན།"

རང་ཉིད་ཀྱི་རྨི་ལམ་ནང་གི་ཕུགས་བསམ་གྱི་འཇིག་རྟེན་ནི་མི་ཁོང་རང་ཉིད་གཅིག་པུར་འགན་འཁྲི་ཡོད། གལ་ཏེ་རང་བྱུང་ཁམས་ཀྱི་འཚོ་གནས་ཀྱི་ཆ་རྐྱེན་དང་ཁོང་གི་ཀུན་སྤྱོད་ཀྱི་འཚོལ་ཞིབ་བར་ལ་མཐའ་མཇུག་གི་འཆམ་མཐུན་མ་བྱུང་བ་ཡིན་ན། དེ་ཡིས་འགན་འཁྲི་འདི་སྒྲུབ་མ་ཐུབ་པར་ངན་ཁག་དཀྲིས་མི་རུང༌། དེར་བརྟེན། འགྲོ་བ་མིའི་དགའ་སྤྲོ་དང་བདེ་སྐྱིད་དག་གི་བརྟེན་སའི་སྤྱི་ཚོགས་ཀྱི་ཆ་རྐྱེན་དག་གི་དར་སྤེལ་ཆེད་དུ་འཛམ་བུ་གླིང་འདིའི་ནང་གི་མི་བུ་ཤེས་རབ་ཅན་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། དེ་ཡིས་མི་རྣམས་ཀྱིས་འཚོ་བ་ཡག་པོ་ཞིག་བསྐྱེལ་བར་སྐུལ་ལྕག་གནང་གི་ཡོད། རུའུ་སེལ་གྱིས་གསུངས་དོན།
"འཚོ་བ་ཡག་པོ་ནི་བྱམས་བརྩེ་ཡིས་སྐུལ་ལྕག་གནང་ཞིང་ཤེས་ཡོན་གྱིས་ལམ་སྣེ་ཁྲིད་པ་ཞིག་ཡིན་་་་་་་་ ཤེས་ཡོན་དང་བྱམས་བརྩེ་གཉིས་མཐའ་མེད་པར་རྒྱ་བསྐྱེད་ནུས་ཀྱི་ཡོད། དེར་བརྟེན། ད་ལྟའི་འཚོ་བ་ཅི་འདྲའི་བཟང་པོ་ཡིན་ནའང༌། ང་ཚོས་དེ་ལས་ལྷག་པའི་འཚོ་བ་ཞིག་བསམ་བློར་འཆར་ཐུབ་ཀྱི་ཡོད། བྱམས་བརྩེ་ཡོད་ཀྱང་ཤེས་ཡོན་མེད་པའམ་ཤེས་ཡོན་ཡོད་ཀྱང་བྱམས་བརྩེ་མེད་པ་ཡིན་ན་འཚོ་བ་ཡག་པོ་ཞིག་སྐྲུན་ཐུབ་ཀྱི་མེད།

ཤེས་ཡོན་ནི་བྱམས་བརྩེ་ལྟར་མེད་ཐབས་མེད་པ་ཞིག་ཡིན། ཡིན་ཡང༌། ཞིབ་ཏུ་བསམས་ན་བྱམས་བརྩེ་ནི་གཞི་རྩ་ཡིན། གང་ལེགས་ཤེ་ན། དེ་ཡིས་ཤེས་རབ་ཅན་གྱི་མི་བུ་ཚོས་སོ་སོ་དགའ་བའི་མི་རྣམས་ལ་ཇི་ལྟར་ཕན་འདོགས་པའི་ཆེད་དུ་ཤེས་ཡོན་སྦྱོང་བར་ལམ་སྟོན་གནང་གི་ཡོད། གལ་ཏེ་མི་དམངས་རྣམས་ཤེས་རབ་ཅན་མིན་ན། ཁོང་ཚོས་སྔོན་ཆད་སོ་སོར་ཅི་ཞིག་ལབ་ཡོད་པ་དེར་མི་མཐུད་ནས་ཡིད་ཆེས་གནང་ངེས་རེད། དེ་ཡིས་ཁོང་ཚོར་ཕན་སེམས་རླབས་པོ་ཆེ་ཡོད་པ་ལ་མ་ལྟོས་པར་གནོད་པ་སྐྱེལ་སྲིད་པ་རེད། དཔེར་ན། ནད་པ་ཞིག་ལ་ལྷག་བསམ་རྣམ་དག་གི་གྲོགས་པོ་ཞིག་ལས་སྨན་པ་ནུས་པ་ཅན་ཞིག་གིས་ཕན་ཐོགས་ཆེ་བ་ཡོད་པ་རེད། འགྲོ་བ་མིའི་རིགས་ཀྱི་སློབ་གསོ་ལྡོག་ཕྱོགས་ནས་ཐེབས་ཡོད་མཁན་ཞིག་དང་བསྡུར་ན་ཁོང་གི་གསོ་བ་རིག་པའི་ཤེས་ཡོན་ཐད་ཀྱི་ཡར་རྒྱས་དེས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་མང་པ་བཟོ་ཡི་རེད།
བརྩེ་བ་ནི་བྱམས་སེམས་དང་ཕན་སེམས་ལྟ་བུའི་ཚོར་བ་འདྲ་མིན་སྟོན་པའི་ཐ་སྙད་ཅིག་ཡིན། ཡིན་ཡང༌། རུའུ་སེལ་ལ་མཚོན་ན་བརྩེ་བ་ནི་ཆེས་ཚད་མཐོ་བའི་"དགའ་སྤྲོ་"དང་"གདུང་སེམས་མཉམ་བསྐྱེད་"གཉིས་ཀྱི་ཟུང་འབྲེལ་དམ་པོ་དེ་ཡིན། ཕ་མའི་དགའ་ཚོར་ཡང་རང་གི་བུ་ཕྲུག་གི་ལུས་སྟེང་ན་འབྱུང་བ་འདི་གཉིས་ཀྱིས་ཟུང་འབྲེལ་དམ་པོ་བྱེད་པའི་སྟེང་ནས་སྐྱེས་ཀྱི་ཡོད། དེ་བཞིན་དུ་བརྩེ་བ་དང་ཆགས་སྤྱོད་ཀྱང་དེ་བཞིན་རེད། དགའ་སྤྲོ་ཡོད་ཀྱང་གདུང་སེམས་མཉམ་བསྐྱེད་མེད་ན་མི་དེ་གདུག་རྩུབ་ཅན་ཞིག་ཏུ་འགྱུར་སྲིད། རང་ཉིད་ལ་བརྩེ་བ་རག་འདོད་ཡོད་མཁན་གྱི་མི་ཞིག་ཡིན་ན་ཁོང་རང་ལ་ན་ཚ་ཧ་ཅང་ལྗིད་མོ་བྱུང་ན་མ་གཏོགས་འདི་གཉིས་ཚང་བར་རེ་བ་རྒྱག་གི་ཡོད། ཕན་སེམས་ཀྱི་འབྱུང་བ་ནི་འདིའི་སྐབས་སུ་ཆེས་མཁོ་བ་དེ་ཡིན་སྲིད། དེར་བརྟེན། དགའ་སྤྲོ་དང་གདུང་སེམས་མཉམ་བསྐྱེད་ཡོད་མེད་གང་ཡང་རུང༌། འཚོ་བ་ལེགས་པོ་ལ་ཕན་སེམས་ཀྱི་འབྱུང་བ་དེ་དགོས་ཀྱི་ཡོད། དགའ་སྤྲོ་ནི་དོན་དངོས་ཀྱི་འཚོ་བའི་ནང་ང་ཚོའི་བདེ་སྐྱིད་གང་དག་གིས་གྲུབ་མིན་ལྟ་བྱེད་ཀྱི་ཚོར་བ་ཞིག་ཡིན་ལ། དེས་ང་ཚོས་འགྲོ་བ་མིའི་སྤྱི་ལ་ཚོར་བ་དེ་འདྲ་གཅིག་པ་སྟོན་པར་སྔོན་འགོག་བྱེད་ཀྱི་ཡོད། ཡིན་ཡང༌། དགའ་སྤྲོ་དང་ཕན་སེམས་བར་རྩོད་རྙོག་འབྱུང་སྐབས། དེ་དག་ངེས་པར་དུ་བར་འདུམ་གྱིས་ཐག་གཅོད་དགོས་པ་ལས་གང་རུང་གཅིག་ལ་མགོ་བོ་གཏན་ནས་སྒུར་མི་རུང༌། མགོ་བོ་ཡོངས་སུ་སྒུར་བ་ནི་འཁོན་ལན་གྱི་དོན་ཡིན། དེ་འདྲ་ཡིན་ཙང༌། འཚོ་བ་ཡག་པོ་ཞིག་ལ་དམིགས་སྐབས་ང་ཚོས་ངེས་པར་དུ་འགྲོ་བ་མིའི་ཚད་ཡོད་པའི་ནུས་པ་དེ་སེམས་ལ་བཅིངས་དགོས། དེར་བརྟེན། ཤེས་ཡོན་གྱི་གལ་ཆེན་རང་བཞིན་ཤེས་དགོས།
ཤེས་ཡོན་ནི་འཚོ་བ་ཡག་པོ་ཞིག་གི་གྲུབ་ཆ་ཡིན། ཡིན་ཡང༌། དེ་ནི་"ཀུན་སྤྱོད་ཀྱི་ཤེས་ཡོན"་མིན། དེའི་དོན་ནི་"ཚན་རིག་གི་ཤེས་ཡོན་དང་བདེན་དོན་གྱི་དམིགས་བསལ་ཤེས་ཡོན་ཞིག་ལ་གོ་དགོས།རུའུ་སེལ་གྱིས་་ཀུན་སྤྱོད་ཤེས་ཡོན་གྱི་རང་བཞིན་འཚོ་གནས་ལ་ཁས་ལེན་བྱེད་ཀྱི་མེད། བྱིས་པ་ཞིག་ལ་ན་ཚ་བྱུང་བར་ཆ་བཞག་ན། བརྩེ་བ་ཡིས་ཁྱོད་ལ་དེ་དྲག་པར་རེ་བ་རྒྱག་འཇུག་གིན་ཡོད། ཚན་རིག་གིས་ཁྱོད་ལ་དེ་ཇི་ལྟར་སྒྲུབ་དགོས་པར་བརྗོད་ཀྱི་ཡོད། དེའི་དབར་ལ་ཀུན་སྤྱོད་རྣམ་གཞག་གི་འཕེལ་རྒྱས་ཀྱི་དུས་རིམ་ཞིག་མེད། ཁྱོད་ཀྱི་བྱིས་པ་དྲག་ཏུ་བཅུག་ན་བཟང་ཤོས་ཡིན་པ་མིག་སྟོན་གསལ་བཤད་བྱས་ཡོད་པ་རེད། ངེས་གཏན་གྱི་བྱ་སྤྱོད་ལ་ལ་ཞིག་ཤེས་ཡོན་གྱི་ཐབས་ལམ་དང་ལྷན་དུ་བསམ་འདུན་དག་ལས་ཐད་ཀར་འབྱུང་གི་ཡོད། འདི་ནི་བྱ་སྤྱོད་བཟང་ངན་གང་ཡིན་རུང་ཚང་མར་གཅིག་གྱུར་གྱི་བདེན་པར་ཁྱབ་ཀྱི་ཡོད། འགྲོ་བ་མིའི་བྱ་སྤྱོད་དག་མི་འདྲ་བའི་རྐྱེན་གྱིས་དེའི་ཐབས་ལམ་དག་དང་མཇུག་འབྲས་དག་ཀྱང་མ་འདྲ་བ་འབྱུང་གི་ཡོད། མ་འདྲ་བ་འདི་ཚོ་ལ་བརྟེན་ཏེ་འགྲོ་བ་མིའི་བསམ་འདུན་དག་གི་ནང་དུ་རྩོད་རྙོག་འབྱུང་གི་ཡོད་པ་རེད། ཚོགས་པ་དག་ལ་དྲང་བདེན་ཡོང་ཆེད། མི་རྣམས་ཀྱིས་རང་གི་བྱ་སྤྱོད་ལ་སྤྱི་ཚོགས་ཀྱིས་ཁས་ལེན་མིན་ལ་བརྟེན་ཏེ་ལེགས་ཉེས་ཀྱི་ལམ་ལུགས་ཤིག་བཟོས་ཡོད། ལམ་ལུགས་འདི་དག་ལ་ཀུན་སྤྱོད་ཀྱི་ཚད་གཞི་ཞེས་བཏགས་ཡོད་པ་རེད། ཡིན་ནའང༌། "ཕྱི་རོལ་གྱི་འགྲོ་བ་མིའི་བསམ་འདུན་དག་ལ་ཀུན་སྤྱོད་ཀྱི་ཚད་གཞི་ཞེས་བ་མེད།"

རུའུ་སེལ་ལགས་ཀྱིས་འཚོ་བ་བཟང་པོའི་གྲུབ་ཆ་ནི་བརྩེ་བ་དང་ཤེས་ཡོན་ཡིན་ཞེས་བརྗོད་སྐབས།་ ཁོང་ལ་སྐུལ་འདེད་གཏོང་མཁན་གྱི་བསམ་འདུན་ནི་རང་གཞན་གཉིས་ཀས་གང་ཐུབ་ཐུབ་ཀྱིས་འཚོ་བ་དེ་ལྟ་བུ་ཞིག་རོལ་ཐུབ་ན་བསམ་པའི་རེ་བ་དེ་རེད། བསྒྲགས་གཏམ་འདིའི་ནང་གི་གཏན་ཚིགས་རང་བཞིན་གྱི་བརྗོད་དོན་ནི་མི་རྣམས་སྤྱི་ཚོགས་ཤིག་གི་ནང་གོང་གསལ་ལྟར་འཚོ་བ་རོལ་ཡོད་དུས་བརྩེ་བ་དང་ཤེས་ཡོན་ཉུང་བའི་སྤྱི་ཚོགས་ཤིག་ལས་བསམ་འདུན་མང་བའི་མི་རྣམས་ཀྱི་འདོད་བློ་ཚིམ་འགྲོ་ངེས་རེད་ཅེས་པའི་དོན་རེད། བརྩེ་བ་ཡིས་མི་རྣམས་ཀྱི་གཤིས་ཀ་དག་དང་བསམ་འདུན་དག་འདི་ལྟ་བུའི་ལམ་ནས་འགྱུར་བ་གཏོང་གི་ཡོད་དེ་དེ་ཡིས་སྔ་ཕྱི་འགལ་བ་མེད་པའི་སྒོ་ནས་མི་ཕན་ཚུན་གྱི་བསམ་འདུན་དག་ལེགས་འགྲུབ་ཡོང་བར་འཇུག་བཞིན་ཡོད། དེ་ཡིས་རྩོད་རྙོག་གི་གོ་སྐབས་དག་ཉུང་དུ་གཏོང་གི་ཡོད། འཁོན་འཛིན་གྱིས་བསམ་འདུན་དག་གི་རྩོད་རྙོག་དག་སེལ་ཐུབ་ཀྱི་མེད། བརྩེ་བ་ནི་འཁོན་འཛིན་ལས་ལེགས་པོ་རེད། གང་ལེགས་ཤེ་ན། མི་རྣམས་ཀྱི་བསམ་འདུན་དག་གི་ཁྲོད་དུ་རྩོད་རྙོག་གི་ཚབ་ལ་འཆམ་མཐུན་སྐྲུན་གྱི་རེད། མི་གཉིས་ཀྱི་བར་ལ་བརྩེ་བ་ཡོད་དུས་རྒྱལ་ཕམ་གང་བྱུང་ཡང་མཉམ་དུ་གནས་ཐུབ་ཀྱི་རེད། ཡིན་ཡང༌། མི་གཉིས་བར་ལ་འཁོན་འཛིན་ཡོད་དུས་གང་རུང་ཞིག་གི་རྒྱལ་ཁ་ནི་གཞན་དེའི་ཕམ་ཁ་ཡིན།
རུའུ་སེལ་གྱིས་མི་སྒེར་གྱི་བདེ་སྐྱིད་ལས་སྤྱི་ཚོགས་ཀྱི་ཕན་བདེ་འདི་དགོས་ངེས་ཡིན་པར་ནན་བརྗོད་བྱེད་ཀྱི་ཡོད། ཕལ་ཆེར་ཆོས་ལུགས་ཚང་མས་མི་སྒེར་ཉིད་ཉེས་དམིགས་ལས་ཇི་ལྟར་སྐྱོབ་ཐབས་སྐོར་ལ་སེམས་ཁྲལ་གནང་གི་ཡོད་པ་རེད། ཡིན་ཡང༌། མི་རྣམས་འཚོ་བ་ལེགས་པོ་འདིའི་གུ་དོག་པོའི་འདུ་ཤེས་འཛིན་སྟངས་ལས་མ་གྲོལ་ན་དེ་ནི་འབྱུང་མི་སྲིད་པ་ཞིག་ཏུ་འགྱུར་གྱིན་ཡོད།

"འཚོ་བ་ལེགས་པོ་ཞིག་རོལ་ཟེར་བ་ནི་མི་བུ་ཞིག་ལ་ཤེས་ཡོན་ཡག་པོ་ཡོད་པ། གྲོགས་པོ་དང་བརྩེ་བ།་ བྱིས་པ་བཅས་དགོས། གལ་ཏེ་ཁོང་ལ་འདི་ཚོ་འདོད་པ་ཡོད་ན། ད་དུང༌། འཕྲོད་བསྟེན་ཡག་པོ་ཡོད་པ། ཡོང་འབབ་འདང་ངེས་ཤིག དགའ་སྣང་ཡོད་པའི་ལས་ཀ་བཅས་ཡོད་དགོས་ཟེར་བ་རེད། འདི་ཚོ་ཚང་མ་ཚད་གཞི་མི་འདྲ་ནའང་སྤྱི་ཚོགས་ལ་བརྟེན་ཡོད་ཅིང༌། ཆབ་སྲིད་ཀྱི་དོན་རྐྱེན་དག་གིས་འདི་དག་ལ་རོགས་རམ་བྱེད་ཀྱི་ཡོད་ལ་བཀག་འགོག་ཀྱང་བྱེད་བཞིན་ཡོད། འཚོ་བ་ལེགས་པོ་ཞིག་སྐྱེལ་དགོས་ན་ངེས་པར་དུ་སྤྱི་ཚོགས་ཡག་པོ་ཞིག་ཡོད་དགོས། དེ་མིན་སྒོ་ཀུན་ནས་འབྱུང་མི་སྲིད་པ་ཞིག་རེད།༡༠

ཁྲག་དྲི་བྲོ་བའི་གསར་བརྗེ་ཞིག་བརྒྱུད་ནས་འཚོ་བ་ལེགས་པོ་ཞིག་འབྱུང་མི་སྲིད། གང་ཟག་སྒེར་རམ་སྤྱི་ཚོགས་གང་ཡིན་རུང་འཚོ་བ་ལེགས་པོ་ཡོང་བའི་མྱུར་ལམ་མེད། འཚོ་བ་ལེགས་པོ་ཞིག་བསྐྲུན་པར་མི་རྣམས་ཀྱིས་ངེས་པར་དུ་ཤེས་རབ་དང་རང་ཚོད་རང་འཛིན། སྙིང་རྗེ་བཅས་བསྐྲུན་དགོས། འདི་ནི་སྤུས་ཀའི་ཐད་ཀྱི་གནད་དོན་ཞིག་རེད། རིམ་བཞིན་འཕེལ་རྒྱས་གཏོང་དགོས་པའི་གནད་དོན་ཞིག་རེད། འགོ་སྟོད་ནས་སྦྱོང་བརྡར་བྱེད་དགོས་པ་ཞིག་རེད། ཤེས་ཡོན་གྱི་ཚོད་བལྟའི་གནད་དོན་ཞིག་རེད། ངང་རྒྱུད་ཐུང་ཐུང་ཁོ་ནས་གློ་བུར་གྱི་ཡར་རྒྱས་ཤིག་འབྱུང་སྲིད་པར་སྐུལ་འདེད་གཏོང་གི་ཡོད།་ རིམ་བཞིན་གྱི་འཕེལ་རྒྱས་འབྱུང་སྲིད་པ་རེད་ལ། ཐབས་ལམ་དེར་བརྟེན་ནས་ལམ་ལྷོང་ཡོང་སྲིད་པ་རེད། དེ་ནི་མ་འོངས་བའི་ཚན་རིག་ཐད་ཀྱི་གནད་དོན་ཞིག་རེད། ཚན་རིག་གི་ཡར་རྒྱས་ནི་འགྲོ་བ་མིའི་བདེ་སྐྱིད་ཐད་ལ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡིས་མི་རྣམས་ཀྱི་ཞེད་སྣང་མེད་པར་བཟོ་ཞིང་ཁོང་ཚོར་སྙིང་སྟོབས་གོང་སྤེལ་གཏོང་གི་ཡོད། ཡིན་ཡང༌། སྙིང་སྟོབས་དེ་དམངས་གཙོ་ཅན་དུ་བསྒྱུར་ན་ད་གཟོད་མི་རྣམས་བྱམས་བརྩེ་ལྡན་པ་ཞིག་ཏུ་འགྱུར་སྲིད། མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ཐོབ་པའི་ཆེད་དུ་མི་རྣམས་ཀྱིས་སྙིང་སྟོབས་སྟོན་གྱི་ཡོད། ཁོང་ཚོས་འཚེ་བའི་ཐབས་ལམ་མ་སྤྱད་པར་ཞི་བདེའི་ལམ་ནས་འཐབ་རྩོད་བྱས་ན་ཁོང་ཚོས་སོ་སོའི་དམིགས་ཡུལ་དག་འགྲུབ་ཐུབ།

ཚན་རིག་གིས་ཡིད་རྟོན་རུང་བའི་ཐུན་མིན་གྱི་ཁྱད་ཆོས་དག་གོང་སྤེལ་དུ་གཏོང་གི་ཡོད་ནའང༌། དེའི་ཤེས་བྱ་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཁྱབ་ཁོངས་ལས་བརྒལ་མི་སྲིད་པ་རེད། ད་ལྟ་མི་རྣམས་ཀྱིས་གཤིས་ཀ་དེ་སེམས་ཁམས་ཀྱི་ཆ་རྐྱེན་དག་དང་ཇི་ལྟར་བརྟེན་གྱི་ཡོད་པ་གསར་བ་ཤེས་རྟོགས་བྱུང་གི་ཡོད། གལ་ཏེ་ཁོང་ཚོས་བདམས་ན་ཁོང་ཚོས་རང་ཉིད་ཀྱི་ཡིད་སྨོན་བྱེད་པའི་འགྲོ་བ་མིའི་རིགས་མང་པོ་ཐོན་སྐྱེད་བྱ་ཐུབ། ཚན་རིག་གིས་ཤེས་རབ་དང་མཛེས་རྩལ་གྱི་བྱ་འགུལ། གསར་སྐྲུན་རང་བཞིན་ལྡན་པའི་མཉམ་ལས་བཅས་ཇེ་མང་དུ་གཏོང་ངེས། དངོས་ཁམས་ཀྱི་རང་བཞིན་ལ་ཞིབ་འཇུག་བྱེད་སྐབས་ང་ཚོས་གང་ཐུབ་ཐུབ་ཀྱིས་དེ་ཡིས་འགྲོ་བ་མི་ལ་ཞབས་འདེགས་འགྲོ་བ་ཞིག་ཏུ་བཟོ་དགོས། ཡིན་ཡང༌། ཀུན་སྤྱོད་ཀྱི་ཐད་ནས་དེ་བཟང་ངན་གང་ཡང་མིན་པར་རང་འཇགས་སུ་ལྷག་ངེས། རུའུ་སེལ་གྱིས་"ཚན་རིག་གིས་གལ་ཏེ་བདམས་པ་ཡིན་ན། དེ་ཡིས་ང་ཚོའི་ཚ་བོ་ཚ་མོ་ཚོར་ཤེས་ཡོན་དང་རང་ཚོད་རང་འཛིན། གཤིས་ཀ་དག་གནང་སྟེ་འཚོ་བ་ལེགས་པོ་ཞིག་རོལ་དུ་འཇུག་ཐུབ་ཀྱི་ཡོད། འདི་དག་གིས་འཐབ་རྩོད་ཀྱི་ཚབ་ལ་འཆམ་མཐུན་སྐྲུན་ངེས་ཡིན༌།"༡༡ འདི་ལྟར་ཡིད་ཆེས་གནང་གི་ཡོད།

སློབ་གསོ་བརྒྱུད་ནས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་ཐུབ། སློབ་གསོ་ནི་སྐྱེས་པ་དང་བུད་མེད། བྱིས་པ་བཅས་ལ་བློ་སྒོ་འབྱེད་བྱེད་ཀྱི་ཐབས་ལམ་ཧ་ཅང་འགངས་ཆེན་ཞིག་ཡིན། རུའུ་སེལ་གྱིས་སྲོལ་རྒྱུན་གྱི་ཀུན་སྤྱོད་སློབ་ཁྲིད་ལ་མོས་མཐུན་བྱེད་ཀྱི་མེད། དེ་མིན་ཁོང་གིས་སློབ་ཁྲིད་ཀྱི་རིགས་ཚང་མར་རྒྱབ་སྐྱོར་གནང་གི་ཡོད། འདིའི་ནང་དུ་འགྲོ་བ་མིའི་མི་གཞི་ཧྲིལ་བོའི་གོང་སྤེལ་དང་འབྲེལ་བའི་ཆགས་སྤྱོད་སྐོར་གྱི་ཚད་ལྡན་ཆ་ཤས་ཤིག་ཀྱང་འདུས་ཡོད། ད་ལྟའི་དུས་སྐབས་འདི་སྔོན་ཆད་ཀྱི་ལོ་ཟླ་གང་རུང་དང་མི་འདྲ་བར་བྱིས་པའི་སློབ་གསོའི་ཕྱོགས་སུ་མང་ཙམ་ཁ་ཕྱོགས་ཀྱི་ཡོད། ཚན་རིག་གི་སློབ་སྦྱོང་འདི་བརྩེ་བའི་སྒོ་ནས་ཚང་མར་གནང་དགོས་ཀྱི་འདུག དེ་ལྟར་བགྱིས་ན་ཤེས་རྨོངས་དང་འཁོན་འཛིན། རྩོད་གླེང་བཅས་མེད་པར་བཟོ་སྲིད། དེ་རུ"་མི་སྒེར་ལ་འགྲོ་བ་མིའི་རིགས་ཀྱི་ཆེད་དུ་རང་ཉིད་ཀྱི་བསམ་བློ་མཚོན་པའི་རང་དབང་ཡོད་དགོས། རེ་བ་གསར་བ། ཡིད་ཆེས་གསར་བ། བསམ་བློ་གསར་བ་བཅས་ནི་དུས་རྒྱུན་འགྲོ་བ་མིའི་རིགས་ལ་ཧ་ཅང་དགོས་གལ་ཆེ།"༡༢ འདི་ཡོད་དགོས།

ལོ་ན་རྒས་པའི་རིགས་པ་སྨྲ་བ་ཁོང་གིས་བརྗོད་དོན།"འཛམ་གླིང་འདིར་ད་ལྟ་ག་རེ་དགོས་པ་ནི་གཏན་ཚིགས་དང་བཟོད་བསྲན། འགྲོ་བ་མིའི་ཁྱིམ་ཚང་ནང་གི་ནང་མི་ཚང་མར་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པའི་གོ་རྟོགས་བཅས་དགོས་ཀྱི་ཡོད། ཕན་ཚུན་ལྟོས་གྲུབ་འདི་དེང་དུས་ཀྱི་གསར་བཏོད་དག་གིས་ཤིན་ཏུ་རྒྱ་ཇེ་ཆེར་གཏོང་གི་ཡོད། རང་གི་ཁྱིམ་མཚེས་ལ་བྱམས་བརྩེའི་ལྟ་ཚུལ་ཞིག་བཟུང་དགོས་པའི་སྐོར་གྱི་ལྷག་བསམ་རྣམ་དག་གི་འཇིག་རྟེན་གྱི་རྩོད་པ་འདི་དག་འདས་པའི་ལོ་ཟླའི་ནང་གི་དུས་སྐབས་གང་དང་བསྡུར་ནའང་ཤུགས་ཧ་ཅང་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོས་བསམ་གཞིག་འདི་དག་ལ་ངེས་པར་དུ་མནོ་བསམ་བཏང་སྟེ་བླུན་རྨོངས་རིང་ལུགས་པའི་རྟོག་སྒྲུང་ལ་མགོ་མི་འཁོར་བ་ཞིག་བྱེད་དགོས། ཁོང་ཚོས་ང་ཚོའི་དཀའ་རྙོག་འདི་དག་ཤེས་རབ་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ངེས་པ་རེད། ཡིན་ཡང༌། ཤེས་རབ་ཀྱིས་དོན་དངོས་སུ་དཀའ་ངལ་འདི་དག་སེལ་གྱི་ཡོད། བློ་གྲོས་དང་རྣམ་དཔྱོད་ལྡན་པའི་མི་བུ་དག་གིས་འཇིག་རྟེན་འདི་སྔོན་ཆད་ལས་བདེ་སྐྱིད་ལྡན་པ་ཞིག་ཏུ་བཟོ་ཐུབ་ཀྱི་ཡོད།"༡༣

བདེ་སྐྱིད་ལྡན་པའི་སང་ཉིན་གྱི་འཇིག་རྟེན་ལ་དམག་འཁྲུག་ཡོད་མི་རུང༌། དམག་འཁྲུག་ནི་འཇིགས་སྣང་དང་འཁོན་འཛིན་ལ་བརྟེན་ཏེ་འབྱུང་གི་ཡོད། མི་རྣམས་འཇིགས་སྣང་དང་འཁོན་འཛིན་ལ་ནུས་པ་ཡོད་པ་མ་ཟད། རེ་བ་དང་ཕན་སེམས་ལ་དེ་བས་ཀྱང་ནུས་པ་ཡོད། གལ་ཏེ་འགྲོ་བ་མིའི་རིགས་བདེ་སྐྱིད་ངང་འཚོ་གནས་བྱེད་དགོས་ན། གདམ་ང་དེ་མི་འདྲ་བ་བྱེད་མི་རུང༌། འདི་ལྟར་འགྲོ་བ་མི་སྡེ་འདིས་སྔོན་ཆད་གཏན་ནས་གྲགས་མ་མྱོང་བའི་དགའ་སྤྲོའི་འཚོ་བ་ཞིག་བསྐྲུན་ངེས། མི་ཆོས་རིང་ལུགས་ཀྱི་ལྟ་གྲུབ་སྨྲ་བ་འདིས་དེ་སྔོན་དམག་འཁྲུག་ལ་ངོ་རྒོལ་བྱས་ཡོད་ཅིང༌། འཛམ་གླིང་འདིར་གཏན་འཇགས་ཀྱི་ཞི་བདེ་ཞིག་ཡོང་བར་ཤིན་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན། ལྷག་པར་དུ་མི་ཆོས་ལས་འདས་པའི་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གི་ཤུགས་རྐྱེན་དག་ལ་ངོ་རྒོལ་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད། དྲང་ཕྱོགས་ཀྱི་ཐབས་ལམ་ཁོ་ན་བརྒྱུད་ན་ཞི་བདེ་ནི་བདེ་སྐྱིད་ལྡན་པའི་འཇིག་རྟེན་ཞིག་ལ་ཧ་ཅང་གལ་ཆེན་ཡིན།

2 comments:

  1. དཔྱད་གཞི།
    1 Why I am not a Christian? 1958, preface, P.xi
    2 Ibid, P.15
    3 Ibid, P.15
    4 Ibid, P.16
    5 Ibid, P.17
    6 Russell's article: "Has religion made useful contribution to civilization?" 1930
    7 Why I am not a Christian? P.44
    8 Ibid, P.44
    9 Ibid, P48-49
    10 Ibid, P59
    11 Ibid, P.69
    12 Ibid, P.143
    13 Ibid, P.178

    ReplyDelete
  2. མཁས་དབང་རུའུ་སེལ་ལགས་ཀྱི་བརྩམས་ཆོས་གྲགས་ཆེན་འགའ།
    (1921) The Analysis of Mind (དཔེ་དེབ་འདིར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་འདུག )
    (1903) The Principles of Mathematics
    (1912) The Problems of Philosophy
    (1916) Principles of Social Reconstruction
    (1917) Political Ideals
    (1923) A Free Man's Worship
    (1927) The Analysis of Matter
    (1927) Why I Am Not a Christian
    (1931) The Scientific Outlook
    (1938) Power: A New Social Analysis
    (1940) An Inquiry into Meaning and Truth
    (1945) A History of Western Philosophy
    (1949) Authority and the Individual
    (1949) The Philosophy of Logical Atomism
    (1954) Human Society in Ethics and Politics
    (1959) My Philosophical Development

    ReplyDelete